《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》 དུས་དེབ་འདོན་ཐེངས་12པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2012ལོའི་ཟླ་12པ་ནས་2026ལོའི་ཟླ་4པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཞིག་རེད། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་བཅས་འཛུགས་སྐྲུན་བྱེད་པར་ནང་གནས་ཀྱི་གཅིག་མཐུན་རང་བཞིན་དང་ཕན་ཚུན་འདེགས་སྐྱོར་རང་བཞིན་ལྡན་ཡོད། མ་ལག་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་རང་ཚུགས་རང་དར་ཡོང་བར་བྱེད་པ། ཤེས་ལྡན་པས་སྒུལ་ཤུགས་འཕེལ་བར་ཁྲིད་སྟོན་བྱེད་པ་བཅས་མཐའ་འཁྱོངས་དང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྡེབ་གཅིག་ལ་སྒྱུར་བཅོས་བྱེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་མཉམ་འགུལ་ནུས་ལྡན་ཐུབ་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡབ་འཕར་གྱི་ནུས་འབྲས་ཆགས་པར་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། སློབ་གསོས་ཚན་རྩལ་དང་ཤེས་ལྡན་པར་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཚན་རྩལ་གསར་གཏོད་བྱེད་པར་ཤེས་ལྡན་པར་བརྟེན་དགོས་པ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་སློབ་གསོར་བརྟེན་དགོས། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན་གྱི་རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་གི་གཙོ་ཤུགས་དམག་དང་ཚན་རྩལ་ཚད་བརྒལ་གལ་ཆེན་འགོ་རྩོམ་སའི་ནུས་པ་ཆེ་རུ་བཏང་སྟེ། ཚན་རྩལ་གསར་གཏོད་དང་ཤེས་ལྡན་པ་གསོ་སྐྱོང་ཕན་ཚུན་འདེགས་སྐྱོར་དང་རིག་ཚན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ལམ་སྲོལ་ནུས་ལྡན་བཙུགས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོའི་ཁྲོད་ནས་ཚན་རྩལ་གྱི་གནད་དོན་གལ་ཆེན་སྙིང་བསྡུས་བྱས་ཏེ་གསར་རྩོམ་རང་བཞིན་དང་རྩ་སློག་རང་བཞིན་གྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་མཐུད་ཐོན་པར་བྱེད་དགོས། མཐོ་རིམ་སློབ་གསོའི་བཀོད་པ་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་གསར་གཏོད་ཤེས་ལྡན་པ་རྩེ་གྲ་གསོ་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་དགོས། མཐོ་སློབ་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་རིགས་དབྱེའི་སྐུལ་འདེད་བཏང་ནས་མཐོ་སློབ་ཀྱིས་ཁྱབ་ཁོངས་མི་འདྲ་བ་དང་འགྲན་ལམ་མི་འདྲ་བར་ལེགས་ཆ་འདོན་པ་དང་ཁྱད་ཆོས་ལྡན་པ་ཞིག་ཏུ་གཉེར་བར་ཁྲིད་སྟོན་བྱེད་དགོས།
ལས་རིགས་སློབ་གསོ་དང་། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ལ་སྤྱི་འདོམས་བྱེད་པ་དང་། ལས་རིགས་སློབ་གསོ་དང་སྤྱིར་བཏང་སློབ་གསོ་མཉམ་མཐུད་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས། ཚན་རྩལ་དང་སློབ་གསོ་མཉམ་འདུས་བཅས་ལ་སྐུལ་འདེད་བཏང་ནས་བྱང་ཚད་མཐོ་བའི་ལག་ཤེས་དང་རྩལ་ནུས་ལྡན་པའི་ཤེས་ལྡན་པ་དང་། རྒྱལ་ཁབ་ཆེན་པོའི་བཟོ་བོ། ལག་ཤེས་མཁས་པ་བཅས་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས། བྱང་ཚད་སློབ་གསོར་སྐུལ་འདེད་གཏོང་བ་དང་སློབ་གསོ་གཏོང་སྟངས་གསར་གཏོད་བྱས་ནས་གསར་གཏོད་ཀྱི་ཤེས་ལྡན་པ་འཚར་ལོངས་ལ་ཕན་པའི་མི་སྣ་གསོ་སྐྱོང་གི་ཁོར་ཡུག་ཧུར་ཐག་གྲུབ་པར་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་བཙུགས་ནས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་ཤིང་། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་འགྲན་རྩོད་ནུས་ཤུགས་ཨང་དང་པོ་རེད། ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ། གསར་གཏོད་ཀྱི་ཐོན་ཁུངས་ལེགས་སྒྱུར་བཀོད་སྒྲིག་བཅས་བྱས་ནས། འཛམ་གླིང་གི་ཚན་རིག་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོར་གང་མགྱོགས་ཆགས་ཐུབ་པའི་བརྩོན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་ཞིབ་སྒྲིག་གཞི་དང་། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་ངེས་གནས་དང་བཀོད་པ་ལེགས་སུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་དང་། སྣོལ་སྡེབ་རྩེར་སོན་ཁྱབ་ཁོངས། གཙོ་གནད་ཁྱབ་ཁོངས་བཅས་ཀྱི་རྒྱང་ལྟའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་བཀོད་པར་ཤུགས་སྣོན་རྒྱག་དགོས། གསར་གཏོད་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། འཛམ་གླིང་གི་ཚན་རྩལ་གསར་ཤོས་ལ་དམིགས་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ཐོག་མའི་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བའི་ཐད་རྒྱུན་མཐུད་ཤུགས་རྒྱག་པ། འགག་རྩའི་ལྟེ་བའི་ལག་རྩལ་དང་ལག་རྩལ་གསར་ཤོས་ཚད་བརྒལ་ཡོང་བར་བྱེད་པའི་ཐད་འགག་སྒྲོལ་གང་མགྱོགས་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། གཞི་ཁྱོན་ཆེ་བ་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་གསར་གཏོད་རྣམ་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་གང་མགྱོགས་གསོ་སྐྱོང་བྱེད་དགོས། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ་ཡིན་ཞིང་། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ནི་མཐར་གཏུགས་ན་ཤེས་ལྡན་པའི་འགྲན་རྩོད་རེད། ཤེས་ལྡན་པ་གསོ་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་གི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་འཛུགས་སྐྱོང་གང་མགྱོགས་བྱས་ཏེ། རིགས་ཁག་གི་ཤེས་ལྡན་པའི་བྱང་ཚད་མཐོ་རུ་གཏོང་དགོས། ཚན་སློབ་མཐུན་སྦྱོར་གྱིས་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་ལེགས་སུ་བཏང་སྟེ་ཚན་ཞིབ་ཀྱི་འཐབ་ས་དང་པོ་ནས་ཤེས་ལྡན་པ་ཤེས་རྟོགས་དང་གསོ་སྐྱོང་ལ་སྣང་ཆེན་བྱེད་དགོས། ཤེས་ལྡན་པའི་འཆར་གཞི་སྣ་ཚོགས་ཀྱིས་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་པར་ཁྱད་པར་ཅན་གྱི་གདེང་འཇོག་དང་ཡུན་རིང་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། རྒྱབ་སྐྱོར་བརྟན་པོ་དང་ཡུན་རིང་གདེང་འཇོག་བྱེད་པ་བརྒྱུད། ན་གཞོན་ཚན་རྩལ་ཤེས་ལྡན་པ་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཡོང་འབབ་བགོ་བཤའི་ནང་བདག་རྐྱེན་གཙོ་བོ་ཞུགས་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཤེས་བྱ་དང་། ལག་རྩལ། ཤེས་ལྡན་པ་བཅས་ཀྱི་ཁྲོམ་རའི་རིན་ཐང་དེ་བས་ལེགས་པ་མངོན་པར་བྱས་ནས་གསར་གཏོད་ལ་ལྕག་སྐུལ་དང་ཕམ་བཟོད་ཀྱི་རྣམ་པ་བཟང་པོ་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།