“‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་ཚུགས་པ། ཀྲུང་གོའི་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་གོ་སྐབས(ཀོང་ཏུང་དུ་སྐྱོད་པ)”ཞེས་པའི་བྱེད་སྒོ་སྤེལ་བ།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བདེན་དཔང་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”མཉམ་ལས་ཀྱི་གོ་སྐབས་གསར་པ་འཚོལ་བ།

འདི་ནི་ཀོང་ཀྲོའུ་ཧའེ་ཤིན་ཧྲ་བར་མཐོངས་ཧྲིལ་པོའི་རིག་ནུས་ཉམས་ལེན་ལྟེ་གནས་སུ་ཀྲུང་གོར་བཅའ་སྡོད་ཨེ་ཁྭ་ཏོར་གྱི་གཞུང་ཚབ་ཆེ་མོ་བ་ཁེར་ཏོ་ཝ(གཡས)ཡིས་མི་གཟུགས་འཕྲུལ་མིའི་རྩེད་ཆས་དང་མཉམ་འགུལ་བྱེད་བཞིན་པ།
ཉེ་ཆར། ཕྱི་འབྲེལ་པུའུ་དང་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས“‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་ཚུགས་པ། ཀྲུང་གོའི་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་གོ་སྐབས(ཀོང་ཏུང་དུ་སྐྱོད་པ)”མཉམ་དུ་གཙོ་གཉེར་བྱས་ཡོད། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་37གྱི་གཞུང་ཚབ་པ་60ཀོང་ཏུང་དུ་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཐོབ་པའི་གྲུབ་འབྲས་གསར་པར་བདེན་དཔང་བྱས་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལས་བྱུང་བའི་མཉམ་ལས་ཀྱི་གོ་སྐབས་གསར་པ་འཚོལ་ཞིབ་བྱས་པ་རེད། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ཚོས་ཀོང་ཏུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལས་ང་ཚོས་ཀྲུང་གོའི་དཔལ་འབྱོར་གྱི་འཕར་ཤུགས་ཆེན་པོ་དང་གསར་གཏོད་ཀྱི་གསོན་ཤུགས་དངོས་སུ་ཚོར་བྱུང་། ད་ཐེངས་ཀྱི་རྟོག་ཞིབ་དེ་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་གྲུབ་འབྲས་སུ་བསྒྱུར་ནས་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལས་བྱུང་བའི་ཡངས་ཤིང་རྒྱ་ཆེ་བའི་གོ་སྐབས་དམ་འཛིན་བྱས་ཏེ་གཉིས་ཁེ་གཉིས་ཕན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།
“གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྒུལ་ཤུགས་ཆེན་པོ་བསྣན་པ”
ཀྲུང་ཧྲན་གྲོང་ཁྱེར་དུ་གནས་པའི་མིང་དབྱང་ཚོགས་པའི་མཚོ་ཐོག་རླུང་གློག་རྣམ་གྲངས་ཀྱི་བརྙན་ལམ་འགྲེམས་སྟོན་དང་། རླུང་གློག་སྒྲིག་ཆས་ཀྱི་དཔེ་དབྱིབས། ཉེར་སྤྱོད་རྣམ་པའི་བྱེ་གཞོང་བཅས་ཀྱིས་གཞུང་ཚབ་པ་ཚོར་ཁེ་ལས་དེའི་མཚོ་ཐོག་རླུང་གློག་ལག་རྩལ་གྱི་ཞིབ་སྤེལ་གྲུབ་འབྲས་ཕྱོགས་ཡོངས་ནས་བསྟན་ཡོད། ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཧ་ཧྲི་སྨི་ཡིས་ནན་ཏན་ངང་ཉན་བཞིན་ལས་དོན་མི་སྣར་ཕ་ཁི་སི་ཐན་དུ་ཀུང་སི་དེས་བཀོད་སྒྲིག་ཅི་འདྲ་བྱས་མིན་སྐོར་སྐད་ཆ་ཡང་ཡང་དྲིས།
“ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ལ་བརྟེན་ནས་ཕ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་འགྲིམ་འགྲུལ་དང་ནུས་རྒྱུའི་ཁྱབ་ཁོངས་སུ་མཉམ་ལས་མང་པོ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད”ཅེས་ཧ་ཧྲི་སྨི་ཡིས་བརྗོད་པ་དང་། ཁོང་གིས། ཕ་ཁི་སི་ཐན་གྱིས་ནུས་རྒྱུའི་གྲུབ་ཆ་སྣ་མང་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འགྱུར་རྡོའི་ནུས་རྒྱུ་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུར་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བཞིན་ཡོད། “ཆུ་གློག་དང་། ཉི་ནུས། ཆིང་ནུས་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་ལག་རྩལ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པས། གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཕ་ཁི་སི་ཐན་དང་ཀྲུང་གོ་ཕྱོགས་གཉིས་པོར་ནུས་རྒྱུ་གསར་པའི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ང་ཚོས་ཀྲུང་གོའི་ཁེ་ལས་མང་པོ་ཞིག་དང་མཉམ་ལས་ཀྱི་གྲོས་བསྡུར་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་ནུས་རྒྱུའི་མཉམ་ལས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།
“འདི་ནས་ངས་མ་འོངས་པའི་འཚོ་བའི་རྣམ་པ་མཐོང་བྱུང”
ཁ་ལོ་བ་མེད་པའི་མི་བཞུགས་མཁའ་འགྲུལ་ཡོ་བྱད་མཁའ་དབྱིངས་སུ་འཕུར་བ་དང་ཆབས་ཅིག གཞུང་ཚབ་པ་ཚོས་ལག་ཐོགས་ཁ་པར་གཅིག་མཇུག་གཉིས་མཐུད་ངང་བཏོན་ནས་ཚན་རྩལ་དང་འབྱུང་འགྱུར་གྱི་རྣམ་པ་དེ་ཟིན་ཐོར་བཀོད། ཀྲུའུ་ཅང་གཙང་པོའི་འགྲམ་དུ་གནས་པའི་ཀོང་ཀྲོའུ་ཧའེ་ཤིན་ཧྲ་བར་མཐོངས་ཧྲིལ་པོའི་རིག་ནུས་ཉམས་ལེན་ལྟེ་གནས་ནི་ཀྲུང་གོའི་བར་མཐོངས་ཧྲིལ་པོའི་རིག་ནུས་མ་ལག་འགྲེམས་སྟོན་བྱེད་སའི་ཉམས་ལེན་ལྟེ་གནས་དང་པོ་དེ་ཡིན་ཞིང་། འདི་གར་གཞུང་ཚབ་པ་ཚོས་དམའ་དབྱིངས་དཔལ་འབྱོར་དང་། རིག་ནུས་དྲ་འབྲེལ། གཟུགས་ཅན་རིག་ནུས། རིག་ནུས་གྲུ་གཟིངས་བཅས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཆེན་པོ་བཞིའི་གསར་གཏོད་ཐོན་རྫས་དང་ཉེར་སྤྱོད་གཅིག་འཐུས་རྣམ་པའི་ཐོག་ནས་ཉམས་ལེན་བྱས་པ་མ་ཟད། མི་ཐབས་རིག་ནུས་ལག་རྩལ་རྒྱུན་གཏན་འཚོ་བར་མཉམ་འདྲེས་ཐུབ་པའི་སྟབས་བདེ་དང་། སྤྲོ་སྣང་། དབྱིངས་ཞུགས་རྣམ་པའི་སྒོ་ནས་ཉམས་ལེན་བྱས་ཡོད།
ཉམས་ལེན་ལྟེ་གནས་ཀྱི་འགྲེམས་ཁང་གཙོ་བོར་སྒྲ་ཚོར་སྒྲོམ་དང་། འཕྲུལ་མིས་ཀང་ཆིན་དཀྲོལ་བ། འཕྲུལ་མིའི་ཁུ་ཚུར་ཞབས་བྲོ་སོགས་ཀྱི་འཁྲབ་སྟོན་རེ་རེ་བཞིན་བྱས་པ་དང་། ཀྲུང་གོར་བཅའ་སྡོད་ཨེ་ཁྭ་ཏོར་གྱི་གཞུང་ཚབ་ཆེ་མོ་བ་ཁོར་ཏོ་ཝ་ཡིས་འཕྲུལ་མི་འདྲ་མིན་སྣ་ཚོགས་དང་མཉམ་འགུལ་རྒྱུན་ཆད་མེད་པར་བྱས། ཁོར་ཏོ་ཝས“འདི་ནི་ངོ་མཚར་ཆེ་བའི་ཉམས་ལེན་ཞིག་རེད་འདུག འདི་ནས་ངས་འབྱུང་འགྱུར་གྱི་འཚོ་བའི་རྣམ་པ་མཐོང་བྱུང”ཞེས་བརྗོད་པ་དང་། ཁོང་གིས། ཀྲུང་གོར་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེན་པོ་ལྡན་པས། ཨེ་ཁྭ་ཏོར་གྱིས་འབྲེལ་ཡོད་ཁྱབ་ཁོངས་སུ་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རང་ངོས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་འཕེལ་རྒྱས་ལ་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་པ”
“འདི་གའི་ཡུལ་ལྗོངས་རི་མོ་ལྟར་མཛེས་ཤིང་ལྟ་ན་སྡུག་པས། ཀྲུང་གོའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཕྱིན་པའི་གྲུབ་འབྲས་མངོན་འདུག”ཅེས་ཀྲུང་གོར་བཅའ་སྡོད་ཐུར་ཁེའི་གཞུང་ཚབ་ཆེ་མོ་བ་ཡུས་ནར་གྱིས་འབྲས་ཞིང་འགྲམ་དུ་ལངས་ནས་མྱོང་ཚོར་ཟབ་མོས་བརྗོད། ཁོང་གིས། ཀྲུང་གོའི་ས་གནས་ཁག་གི་གྲོང་གསེབ་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་ནས་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་འདུག ཐུར་ཁེས་ཀྱང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་གི་ཡོད་པས་ཀྲུང་གོས་དེའི་ཐད་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད། “ཀྲུང་གོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བའི་ལག་ལེན་གྱི་ཉམས་མྱོང་ང་ཚོས་སྔོག་འདོན་དང་ཁྱབ་གདལ་གཏིང་ཟབ་གཏོང་རིན་འདུག”ཅེས་བརྗོད།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་ད་ལོའི་ཟླ་11པར་ཧྲེན་ཀྲེན་དུ་འཚོག་རྒྱུ་ཡིན་ཞིང་། ཀྲུང་གོར་བཅའ་སྡོད་མ་ལེ་ཞི་ཡའི་གཞུང་ཚབ་ཆེ་མོ་ཁང་གི་ཀོན་ཀྲང་གཞོན་པ་ནོ་ཧྥ་ལིན་ནཱ་ཡིས་དེར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས། APECཡི་ཁོངས་མི་མཉམ་དུ་དར་རྒྱས་ཡོང་བར་ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས། ད་ཐེངས་ཀྱི་ཚོགས་འདུར་ཕྱོགས་ཁག་གིས་སྤེལ་རེས་དང་དཔལ་འབྱོར་ཚོང་དོན་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
“2026ལོའི་APECཡི་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཀྲུང་གོས་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་ཁོངས་མིའི་དབར་གྱི་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་APECཁོངས་མིའི་སྣེ་ཁྲིད་དེ་མཉམ་དུ་འཕེལ་རྒྱས་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད”བརྗོད།
འབྲེལ་ཡོད་གསར་འགྱུར།