དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་དུང་ཕྱུར་1.1ལྷག་ཙམ་ལ་ཁྲལ་བསློགས་པ།

    མི་སྒེར་གྱི་ཐོབ་ཁྲལ་སྤྲོད་ལེན་གཙང་རྩིས་གང་མགྱོགས་རྒྱག་དགོས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-16

    “ཟླ་རེར་ལས་ཁུངས་ནས་མི་སྒེར་གྱི་ཐོབ་ཁྲལ་གཅོག་གི་ཡོད་པས། མི་སྒེར་གྱི་ཐོབ་ཁྲལ་གཙང་རྩིས་མ་བརྒྱབ་ན་འགྲིག་གམ” “གལ་ཏེ་ཁྱིམ་དུ་ཕྲུ་གུ་གཉིས་ཡོད་ཚེ། བུ་ཕྲུག་གི་སློབ་གསོའི་ཆེད་དོན་ཞོར་སྣོན་འཐེན་འཕྲི་བྱེད་སྟངས་ཇི་ལྟར་འབྲི་དགོས་སམ” “ནད་ཆེན་སྨན་བཅོས་ཀྱི་ཆེད་དོན་ཞོར་སྣོན་འཐེན་འཕྲི་ནས་རང་ཉིད་གཅིག་པུའི་སྨན་རིན་གཅོག་ཆོག་གི་མེད་དམ”

    2025ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་མི་སྒེར་གྱི་ཐོབ་ཁྲལ་གཙང་རྩིས་རྒྱག་པ་དེ་ཟླ་6ཚེས་30ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད། ཟླ་6ཚེས་10ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་5པའི་ཟླ་མཇུག་བར། མི་དུང་ཕྱུར་1.6ལྷག་ཙམ་གྱིས་གཙང་རྩིས་ཀྱི་ཞུ་ཡིག་ཕུལ་ཟིན་པ་དང་། མི་དུང་ཕྱུར་1.1ལྷག་ཙམ་གྱིས་ཁྲལ་སློག་གི་འགྲོ་ལུགས་གཉེར་ཟིན་པས། ཁྲལ་སློག་གི་གཞི་ཁྱོན་ན་ནིང་གི་དུས་མཚུངས་ལས་17%ལྷག་ཙམ་འཕར་ཡོད་པ་རེད།

    མི་མི་ཉུང་བ་ཞིག་གི་ངོས་ནས་བརྗོད་ཚེ། མི་སྒེར་གྱི་ཐོབ་ཁྲལ་གཙང་རྩིས་རྒྱག་མཚམས་འཇོག་ཉེར་ཡོད་པས་མི་སྒེར་གྱི་གནས་ཚུལ་ཡང་དག་རེའུ་མིག་ནང་ཇི་ལྟར་རྒྱོང་བ་དང་དེ་མཚུངས་ཀྱི་གནད་སྨིན་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་པ་སོགས་ཀྱི“དཀའ་གནད”སྣ་ཚོགས་འཕྲད་བཞིན་ཡོད།

    མི་སྒེར་གྱི་ཐོབ་ཁྲལ་སྤྲོད་ལེན་གཙང་རྩིས་བརྒྱབ་ན། རྣམ་གྲངས་གང་དག་ལ་དཔྱ་ཁྲལ་ཆག་ཡང་ལོངས་སུ་སྤྱོད་ཆོག་གམ། སྲིད་ཇུས་ལ་གཞིགས་ན། རང་རྒྱལ་ལ་ད་ཆ་བུ་ཕྲུག་གི་སློབ་གསོ་དང་། རྒྱུན་མཐུད་སློབ་གསོ། ནད་ཆེན་སྨན་བཅོས། སྡོད་ཁང་དངུལ་བུན་གྱི་སྐྱེད་ཀའམ་ཡང་ན་སྡོད་ཁང་གི་བོགས་དངུལ། རྒན་རྒོན་ལ་བསྙེན་བཀུར། ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་བཅས་ཆེད་དོན་ཞོར་སྣོན་འཐེན་འཕྲིའི་རྣམ་གྲངས་བདུན་ཡོད་པ་རེད།

    ཆེད་དོན་ཟུར་སྣོན་འཐེན་འཕྲི་ལོངས་སུ་སྤྱོད་མཁན་ཚོགས་སྤྱི་གང་དག་ཡོད་དམ།

    གྲངས་གཞི་ལས་མངོན་པར། ཆེད་དོན་ཟུར་སྣོན་འཐེན་འཕྲི་ལོངས་སུ་སྤྱོད་མཁན་ཚོགས་སྤྱིའི་ཁྲོད“རྒན་འཁོགས་དང་བྱིས་པ་ཡོད་མཁན”གྱི་ལོ་30ནས་55བར་གྱི་གཞོན་ནུ་དང་དར་མ་ནི་ཕན་པ་ཐོབ་མཁན་གཙོ་བོ་ཡིན་པ་དང་། མི་གྲངས་དེ་དག་གིས་བཅུ་ཆ་བརྒྱད་ལྷག་བཟུང་བ་དང་ལོངས་སྤྱོད་ཆོག་པའི་དཔྱ་ཁྲལ་ཆག་ཡང་དངུལ་གྲངས་ཀྱི་བཟུང་ཚད་བཅུ་ཆ་དགུ་ཡན་ལ་སླེབས་ཡོད་པ་རེད།

    ཞིབ་ཕྲའི་བཀོལ་སྤྱོད་ཐད་ཁྲལ་དོན་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན།

    —— བུ་ཕྲུག་གི་སློབ་གསོའི་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་ཐད། འཐེན་འཕྲིའི་ཚད་གཞི་ལྟར་ཕ་མ་གཉིས་ནས་གཅིག་གི་ས་ནས་100%འཐེན་འཕྲི་བྱས་ན་འགྲིག་ལ། ཕྱོགས་གཉིས་ཀ་ནས་50%རེ་འཐེན་འཕྲི་བྱས་ནའང་འགྲིག

    —— རྒྱུན་མཐུད་སློབ་གསོའི་ཐད། ཁྲལ་འཇལ་བས་ཞིབ་འཇུག་སློབ་མའི་རྒྱུན་མཐུད་སློབ་གསོ་དང་ལེན་བྱེད་བཞིན་ཡོད་ཚེ། དེའི་ཕ་མའི་ས་ནས་འཐེན་འཕྲི་བྱ་མི་ཆོག

    —— ནད་ཆེན་སྨན་བཅོས་ཀྱི་འཐེན་འཕྲིའི་ཁྱབ་ཁོངས་ནང་། མི་སྒེར་དང་། བཟའ་ཟླ། ན་སོ་དར་ལ་མ་བབས་པའི་བུ་ཕྲུག་བཅས་ཀྱི་སྨན་རིན་དང་འགྲོ་སོང་ཚུད་ཡོད་པ་ལས་ཁྲལ་འཇལ་མཁན་གྱི་ཕ་མའི་སྨན་རིན་དང་འགྲོ་སོང་ཚུད་མེད།

    “རྒན་གཅིག་གཞོན་གཅིག”གི་ཆེད་དོན་ཞོར་སྣོན་འཐེན་འཕྲི་བྱེད་སྐབས་ལོ་ཚོད་ནི་འགག་རྩ་ཡིན།

    ཁྲལ་དོན་སྡེ་ཚན་གྱིས་དམིགས་སུ་བཀར་ནས་དྲན་སྐུལ་བྱས་དོན། རྒན་རྒོན་ལ་བསྙེན་བཀུར་དང་ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་སོགས་ཀྱི་ཆེད་དོན་ཞོར་སྣོན་འཐེན་འཕྲི་བྱེད་པར་ཁྲལ་འཇལ་མཁན་གྱིས་དེ་མཚུངས་ཀྱི་རྣམ་གྲངས་ནང་ཞུགས་ནས་དུས་ཐོག་ཏུ་བཟོ་དགོས།

    དཔེར་ན། ཕ་མ་ལོ་60ལ་སླེབས་ཚེ་རྒན་རྒོན་ལ་བསྙེན་བཀུར་ཞུ་བའི་ཆེད་དོན་ཞོར་སྣོན་འཐེན་འཕྲི་ལོངས་སུ་སྤྱོད་ཆོག་པ་དང་། གལ་ཏེ་ཕྲུ་གུ་ལོ་གསུམ་ལ་སླེབས་ཚེ་ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལྟ་སྐྱོང་གི་ཆེད་དོན་ཞོར་སྣོན་འཐེན་འཕྲི་དེ་དུས་ཐོག་ཏུ་བུ་ཕྲུག་སློབ་གསོའི་ཆེད་དོན་ཞོར་སྣོན་འཐེན་འཕྲིར་བསྒྱུར་དགོས།

    མི་སྒེར་གྱི་ཐོབ་ཁྲལ་གཙང་རྩིས་སྙན་སེང་ཡག་པོ་ཞུ་བར་སྲིད་ཇུས་ཤེས་རྟོགས་བྱེད་དགོས་པ་མ་ཟད། ད་དུང“ཚུལ་མིན་གྱི་མཚམས་སྦྱོར་བར”དོགས་ཟོན་ཆེན་པོ་བྱེད་དགོས།

    ཁྲལ་དོན་སྡེ་ཚན་གྱིས་དམར་རྗེན་དུ་བཏོན་པའི་དཔེ་མཚོན་གྱོད་དཔེའི་ནང“ཚུལ་མིན་མཚམས་སྦྱོར་བས”ཕྱི་ཕྱོགས་སུ་མི་སྒེར་གྱི་ཐོབ་ཁྲལ་གཙང་རྩིས་རྒྱག་པའི་ཚབ་གཉེར་ཞབས་ཞུ་སྒྲུབ་པ་དང་ཁྲལ་སློག་དངུལ་གྲངས་མང་དུ་གཏོང་ཆོག་ཅེས་བརྗོད་ནས། གཞན་ལ་མི་སྒེར་གྱི་ཐོབ་ཁྲལ་Appཡི་རྩིས་ཁྲའི་ཆ་འཕྲིན་མཁོ་འདོན་བྱེད་པར་མགོ་སྐོར་བསླུ་བྲིད་བྱས་ཏེ་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཞོར་སྣོན་འཐེན་འཕྲིའི་རྣམ་གྲངས་རྫུན་མ་བཟོ་རོགས་བྱས་ཏེ། དེའི་ཁྲོད་ནས“འགྲོ་ལུགས་གཉེར་བའི་གྲོན་དངུལ”མཐོ་པོ་ལེན་གྱི་ཡོད།

    གྱོད་གཞི་དེ་ཁྲལ་འཇལ་མཁན་1797དང་འབྲེལ་བ་ཡོད་པ་དང་། ཁྲལ་དོན་སྡེ་ཚན་གྱིས་ཁྲིམས་ལྟར་ཁྲལ་སྐུང་སྒོར་ཁྲི་1ཡན་བྱས་པའི་མི་179ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་ལྟར་སྒྲིག་འགལ་ཁྲལ་སློག་མི་སྣ་1797ལ་ཁྲལ་དངུལ་དང་འགྱངས་ཆད་དངུལ་ཆད་ཁྱོན་སྒོར་ཁྲི་1573.25འདེད་ལེན་བྱས་པ་རེད།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ངེས་པར་དུ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གསར་སྤེལ་བྱས་པའི་མི་སྒེར་གྱི་ཐོབ་ཁྲལ་གྱི་Appདང་རང་བྱུང་མིའི་དྲ་ཐོག་ཁྲལ་དོན་ཅུས་ཀྱི་དྲ་ཚིགས་སོགས་གཞུང་ཕྱོགས་ཀྱི་ཐབས་ལམ་གསལ་པོ་ཤེས་དགོས། རེའུ་མིག་རྒྱོང་སྐབས་ཕྱོགས་ཡོངས་དང་གནད་ལ་འཁེལ་པོ་ཡོང་བར་བྱེད་དགོས་པ་དང་། དེ་སྔའི་ལོ་འཁོར་གྱི་འབྲི་ནོར་ཤོར་བའི་དོན་གནད་ལ་སྟེས་དབང་གི་བསམ་བློ་འཆང་མི་རུང་ལ། དྲ་ཐོག་གི“ཁྲལ་སློག་ཆ་འཕྲིན”སྣ་ཚོགས་ལ་རང་དགར་ཡིད་ཆེས་བྱ་མི་རུང་།

    གལ་སྲིད་རེ་ཞུ་རྒྱོང་བའི་བརྒྱུད་རིམ་ནང་གནད་དོན་འཕྲད་ཚེ་12366ཁྲལ་འཇལ་གྲོན་འཇལ་ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱབ་ནས་རོགས་རམ་རེ་ཞུ་བྱེད་ཆོག 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།