དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྒས་དུས་སེམས་པ་སྐྱིད། གླིང་ག་གཏོང་བར་སྤྲོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-16

    ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་རྒན་རྒོན་ཚོའི་སྐྱིད་སྣང་དང་གཏོགས་སེམས་ཆེ་རུ་གཏོང་ཆེད། ཉེ་ཆར་ལྷུན་གྲུབ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་སྤྱི་འདོམས་རྒྱབ་སྐྱོར་འོག་ལྕང་ར་ཤར་ཤང་གྲོང་གསེབ་བདེ་སྐྱིད་ཁང་གིས་རྒན་རྒོན་སྒྲིག་འཛུགས་བྱས་ཏེ་ཕྱི་རོལ་གྱི་གླིང་གའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་རྒན་རྒོན་ཚོ་ཕྱི་རོལ་གྱི་རང་བྱུང་ཁམས་སུ་བག་ཕེབས་ངང་གླིང་ག་གཏོང་བར་ཁྲིད་པ་རེད།

    བྱེད་སྒོ་མ་སྤེལ་གོང་བདེ་སྐྱིད་ཁང་གི་ལས་དོན་པས་སྔ་ས་ནས་སྤྱི་འདོམས་བཀོད་སྒྲིག་བྱས་ཤིང་། རྒན་རྒོན་བྱེད་སྒོའི་ནང་ཞུགས་པར་རེ་རེ་བཞིན་བརྡ་ཐོ་བཏང་བ་དང་། བདེ་འཇགས་དང་སྐྱིད་སྣང་དོད་པའི་བྱེད་སྒོ་སྤེལ་ཡུལ་ཞིབ་ཚགས་འདེམས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་གྲལ་བཤེར་ཞིབ་ཚགས་བྱེད་པ། རླངས་འཁོར་གྱིས་རྒན་རྒོན་སྐྱེལ་བསུ་བྱེད་པར་མཐུན་སྦྱོར་བཀོད་སྒྲིག་བྱེད་པ། བརྒྱུད་རིམ་ཧྲིལ་པོར་ཆེད་བསྐོས་པ་མངགས་ནས་ལྟ་སྐྱོང་བཅས་རྒྱབ་ཕྱོགས་མཁོ་སྒྲུབ་དང་བདེ་འཇགས་འགན་ལེན་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་བྱེད་སྒོ་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།

    རྒན་རྒོན་ཚོས་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཀྱིས་རྒྱུན་གཏན་གྱི་འཚོ་བའི་སྤྲོ་སྣང་མཉམ་དུ་བརྗོད་པ་དང་། ཚང་མས་མཉམ་དུ་སྙན་འཇེབས་ལྡན་པའི་གླུ་དབྱངས་བླངས་པ་སོགས་བྱས་ཤིང་། དེ་རྗེས་ཚང་མས་མཉམ་དུ་སྒོར་གཞས་འཁྲབ་ནས་ཚེ་མཇུག་གི་བདེ་སྐྱིད་འཚོ་བ་མཚོན་པར་བྱས་ཁར་གང་ས་ནས་ཞི་མཐུན་བག་ཕེབས་ཀྱི་སྣང་བ་ཞིག་ངང་གིས་སྦྱིན་གྱི་ཡོད།

    བྱེད་སྒོ་མཇུག་འགྲིལ་རྗེས། ལས་བྱེད་པས་རྒན་རྒོན་རྣམས་སྒྲིག་འཛུགས་བྱས་ཏེ་མཉམ་དུ་གུང་ཟས་ལ་རོལ་བ་དང་དགའ་སྤྲོའི་དགོད་སྒྲའི་ཁྲོད་ནས་ཕན་ཚུན་གྱི་སེམས་ཐག་ཇེ་ཉེར་སོང་སྟེ། སོས་དལ་བག་ཕེབས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བཞིན་ཡོད།

    འབྲེལ་ཡོད་འགན་འཁུར་བས། ལྕང་ར་ཤར་ཤང་གི་གྲོང་གསེབ་བདེ་སྐྱིད་ཁང་གིས་ཉིན་མོའི་ལྟ་རྟོག་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་བ་དང་། བྱེད་སྒོའི་རྣམ་པ་རྒྱུན་ཆད་མེད་པར་གསར་པ་གཏོད་པ། བརྩེ་བ་ཟབ་མོས་རྒན་རྒོན་ལ་འདུག་རོགས་དང་སྤྲོ་གསེང་རོལ་རྩེད་ཞིབ་ཚགས་བཀོད་སྒྲིག་བྱེད་པ་སོགས་མི་སེམས་དྲོ་བར་བྱེད་པའི་ཞབས་ཞུ་ཏན་ཏིག་བསྒྲུབས་ནས། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་བདེ་སྐྱིད་བག་ཕེབས་ཀྱི་ཚེ་མཇུག་འཚོ་བ་སྐྱེལ་ཐུབ་པར་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།