ལོ་ངོ་སྟོང་གི་ཚྭ་ཞིང་ནས། ལོ་ཟླའི་འཕོ་འགྱུར་ལྷམ་མེར་མངོན།

འདི་ནི་འགྲན་ཞུགས་བདམས་ཐོན་པས་ཚྭ་ཞིང་ཁོད་སྙོམས་བཞིན་པ།
ཟླ་བ་དྲུག་པར་ཟླ་ཆུའི་རོང་ཁུལ་གྱི་མཁའ་རླུང་ཁྲོད་དུ་ལོ་ངོ་སྟོང་ཕྲག་རིང་ཡལ་མ་མྱོང་བའི་ཚྭ་ཡི་དྲི་ཞིམ་གང་སར་འཐུལ།
སྐལ་ལྡན་ལྷ་མོས་ཚྭ་ཞིང་དཀྱིལ་དུ་ལངས་ཏེ“ང་ཚོའི་ཁྱིམ་གྱི་ཚྭ་ལ་ད་དུང་ཡང་ལོ་1300ཡི་གོང་གི་བྲོ་བ་དེ་རང་ལྡན་ཡོད། ཚང་མས་སྔོན་ལ་བྲོ་བ་ཞིག་གཟིགས་ནས་ཐང་རྒྱལ་རབས་སྐབས་ཀྱི་མི་ཞིག་གནང་དང”ཞེས་སྨྲ་ལྕེ་བདེ་པོས་བཤད་པས། ཉེ་འཁོར་གྱི་མི་རྣམས་དགོད་སྒྲ་ལྷང་ལྷང་དུ་གྱུར།
ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་འགྲམ་གྱི་ཚྭ་ཞིང་གྲུ་བཞི་དེ་དག་ངོགས་གཉིས་སུ་རིམ་པ་སྟར་ཆགས་སུ་གནས་ཤིང་། ཉི་འོད་འོག་ཏུ་འོད་ལམ་ལམ་དུ་འཚེར། ཤིང་སྒྲོམ་འོག་ཏུ་ཟླ་ཆུ་ལང་ལོང་དུ་རྒྱུག་ཅིང་། དམིགས་བསལ་གྱི་ཁྲོན་ཚྭ་སྐེམ་པའི་ལག་རྩལ་འགྲན་བསྡུར་ཞིག་འདི་གར་སྤེལ་བཞིན་མཆིས། ཚྭ་སྐམ་པ་ནས་བསྡུ་བའི་བར་ཚྭ་བཟོ་བ་ཚོས་ཕུ་ཐུང་བརྫེས་ཏེ་འགྲན་བསྡུར་འཁྲུག་པོ་བྱས་པས། དཔྲལ་བའི་སྟེང་ནས་རྔུལ་ཆུའང་ཁྲུམ་ཁྲུམ་དུ་བཞུར།
འཇང་མི་རིགས་ཤང་གི་ཁྲོན་ཚྭ་ནི་དཔྱིད་ཀ་ཁམ་བུའི་མེ་ཏོག་བཞད་པའི་སྒང་ལ་སྤུས་ཀ་ཡག་ཤོས་ཡིན་ཞིང་། ཁད་ཀྱི་ཚྭ་དཀར་པོ་དེ་ཁམ་བུའི་མེ་ཏོག་གི་འདབ་ལོའི་ཚོས་གཞི་དང་འདྲ་བས་ཁམ་བུ་ཤར་ཚྭ་ཞེས་ཀྱང་བརྗོད། ཐང་རྒྱལ་རབས་དུས་ནས་བཟུང་འཇང་མི་རིགས་ཀྱི་མེས་པོ་ཚོས་དེ་གར་ཁྲོན་པ་བྲུས་ཏེ་ཤིང་སྒྲོམ་བཙུགས་ཤིང་། ཚྭ་ཆུ་དྲངས་ནས་ཚྭ་བཟོ་འགོ་ཚུགས།
“འགྲན་བསྡུར་འདི་རིགས་གཉེར་དོན་ནི་སུས་སྐམ་པའི་ཚྭ་དཀར་བ་དང་སུས་ཚྭ་མང་བ་བསྡུས་ཡོད་མེད་ལྟ་ཆེད་ཁོ་ན་མ་ཡིན”ཞེས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་བློ་བཟང་ཆོས་སྒྲོན་གྱིས་དེ་ལྟར་བརྗོད་པ་དང་། ཁོང་གིས“ང་ཚོས་འགྲན་བསྡུར་བརྒྱུད་ནས་ཁམ་བུ་ཤར་ཚྭའི་སྐད་གྲགས་ཆེ་རུ་བཏང་སྟེ་སི་ཁྲོན་དང་། ཡུན་ནན། བོད་བཅས་ཀྱི་སྐོར་ལམ་ཆུང་བའི་འགྲུལ་རྒྱུན་གྱི་ལེགས་ཆར་བརྟེན་ནས་སྨར་ཁམས་འདི་ཉིད་ཡུལ་སྐོར་བ་བོད་ལ་ཡོང་སྐབས་ངེས་པར་དུ་སྡོད་དགོས་པ་དང་སྐྱོད་དགོས་པ་ཞིག་ཏུ་འགྱུར་ཆེད་ཡིན”ཞེས་བརྗོད།
“ང་ཚོས་འགྲན་བསྡུར་སྤེལ་སྐབས་ཆེད་མངགས་ཐད་གཏོང་བྱས་ཏེ་ཁམ་བུ་ཤར་ཚྭ་ལ་དེ་ཙམ་རྒྱུས་མངའ་མེད་པའི་གནད་དོན་ཐག་གཅོད་བྱ་ཆེད་ཡིན”ཞེས་བློ་བཟང་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས། ཁྲོན་ཚྭ་བཟོ་རྩལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་ཚྭ་ཞིང་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་བྱ་ཡུལ་ཡིན་ཞིང་། ལོ་ངོ་སྟོང་གི་ལོ་རྒྱུས་དེ་དག་དེ་བས་དར་སྲོལ་ཆེ་བའི་ཐབས་ལ་བརྟེན་ནས་ཕྱི་རོལ་གྱི་འཇིག་རྟེན་དང་འབྲེལ་མཐུད་བྱེད་བཞིན་ཡོད།
ཚྭ་ཞིང་གི་གདོད་མའི་མཛེས་ལྗོངས་ལ་སྲུང་སྐྱོང་བྱ་ཆེད། སྨར་ཁམས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཚོ་རྟེན་ལས་སྤྲོད་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་121ཚྭ་ཞིང་ཉམས་གསོར་སྤྱད་ཡོད། སྒྲོམ་སྐྱོར་འཁྱོག་པ་རྣམས་སྲོལ་རྒྱུན་གྱི་ཤིང་བཟོའི་ལག་རྩལ་ལ་བརྟེན་ནས་སྲོང་བ་དང་། ཚྭ་གཞོང་རྣམས་ཡུལ་དེའི་འདམ་ས་དམར་པོ་སྤྱད་དེ་བརྟན་དུ་བཏང་བ། ཚྭ་སྐམ་སའི་གྱེན་ཐུར་ཡང་གནའ་བོའི་ཐབས་ཤེས་ལྟར་བསྐྱར་དུ་ཚད་འཇལ་བྱས་ཡོད།
ཚྭ་ཞིང་བརྟན་པོ་བྱུང་ན་ཚྭ་ཆུ་འཛགས་མི་སྲིད། ཤིང་སྒྲོམ་བརྟན་པོ་བྱུང་ན་ཨ་ཅག་རྣམས་གཞི་ནས་ཤིང་སྒྲོམ་སྟེང་དུ་ཚྭ་བརྐོ་བར་འགྲོ་ཕོད། དེ་ནི“ལོ་རྒྱུས་གསོན་པོ”ལ་དངོས་དངོས་རྗེན་རྗེན་གྱི་སྲུང་སྐྱོང་བྱས་པ་ཞིག་རེད།
ཚྭ་ཞིང་འགྲམ་དུ་ཕྲུ་གུ་འགའ་ཞིག་གིས་རྟིང་ཀ་བཀྱག་སྟེ་རྒན་རབས་ཚོའི་ཚ་རྐོ་སྟངས་ལ་ལད་མོ་བྱེད་ཅིང་། ཁོང་ཚོའི་ལག་པ་ཆུང་ཆུང་དེ་དག་ཡང་ཤ་དོད་ལ་མིག་ཟུང་ལས་འོད་མདངས་འཚེར། འགྲན་བསྡུར་དེའི་ནང་ཨང་དང་པོ་བདམས་པ་ཁོ་ན་མིན་པར་རྒྱུན་འཛིན་པའང་བདམས་ཀྱི་ཡོད།
ཁྲོན་ཚྭ་བཟོ་བ་དེ་ནི་གནའ་བོའི་ལག་རྩལ་རྒྱུན་མཐུད་པ་ཁོ་ན་མིན་པར་ད་དུང་ཡུལ་དེའི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་འབབ་འཕར་ཡང་བྱུང་ཡོད། ཁམ་བུ་ཤར་ཚྭའི་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་རེ་མང་དུ་འགྲོ་རིམ་བཞིན་ཁྱིམ་ཚང་རེར་ཡོང་འབབ་ཀྱང་དེ་ཚོད་ཀྱིས་མང་དུ་འགྲོ་བ་དང་། ཐད་གཏོང་ཁང་དུ་འགྲེམས་སྟོན་བྱེད་རིམ་བཞིན་མ་འོངས་པའི་ཚོང་ཤག་རེ་མང་དུ་འགྲོ་བཞིན་ཡོད། ན་ནིང་ཤང་ཡོངས་ཀྱི་ཚྭ་བཟོ་མཁན་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཆིག་ཁྲི་ལྷག་བྱུང་ཡོད།
ད་ཆ་མུའུ་སྟོང་གི་ཚྭ་ཞིང་དག་A5རིམ་པའི་མཛེས་ལྗོངས་ཁུལ་གྱི་དཔྱད་བསྡུར་ནང་ཞུགས་བཞིན་ཡོད་པ་དང་། ཡུལ་སྐོར་གྲོང་རྡལ་ཆུང་ངུའི་འཆར་འགོད་ཀྱང་ཟླ་ཆུའི་རོང་ཁུལ་དུ་དལ་གྱིས་འགོད་བཞིན་མཆིས། སི་ཁྲོན་དང་། ཡུན་ནན། བོད་བཅས་ཀྱི་ཡུལ་སྐོར་ལམ་ཐིག་ཆུང་ངུའི་ཐོག་གི་ངོས་འཛིན་བདེ་བའི་ས་ཆ་ཞིག་ཡིན་པའི་སྨར་ཁམས་རྫོང་གིས་ལོ་ངོ་སྟོང་གི་ཚྭ་ཡི་རིན་ཐང་དེ་ཉིད་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྒུལ་ནུས་གསར་པར་སྒྱུར་བཞིན་མཆིས།
ཁམ་བུ་ཤར་ཚྭ་དེ་ཐང་རྒྱལ་རབས་ནས་ད་བར་རྒྱུན་ཆད་མེད་པར་དར་ཡོད། སྔོན་མ་དེས་འབྲུ་རིགས་དང་ཇ་ལོ་ལས་བརྗེ་པོ་རྒྱག་ཐུབ་ཀྱི་མེད་ཀྱང་། ད་ཆ་དེ་ཡིས་ཁས་ལེན་དང་། ཡོང་འབབ། འབྱུང་འགྱུར་བཅས་བརྗེ་པོ་རྒྱག་ཐུབ་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།