དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒན་རྒོན་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝུའུ་ཁྲུའུ་ཆི།   |     སྤེལ་དུས།  2026-06-16

    ཟླ་6ཚེས་13ཉིན་གྱི་ཞོགས་པར། ཀྲེ་ཅང་ལྷོ་རིའི་རི་ཉག་ཏུ་སྤྲིན་གྱི་དར་དཀར་འཐེན་ཞིང་། ཀྲེ་ཅང་ལི་ཧྲུའེ་གྲོང་ཁྱེར་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་ཏུང་ཁེང་གྲོང་རྡལ་ཐའོ་ཡོན་གྲོང་ཚོའི་ལམ་དུ་རྒན་གསོའི་དོ་དམ་པ་ཝུའུ་སུའུ་ཡཱ་ཡིས་ཞབས་ཞུའི་ཁུག་མ་འཁྱེར་ནས་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད། ཁུག་མའི་ནང་ཁྲག་ཤེད་འཇལ་ཆས་དང་། སེན་གཏུབ། སྐྲ་བཞར་ཆས་བཅས་བླུགས་ཤིང་ཁོང་ནི་ཁེར་སྡོད་རྒན་མོ་ཝུའུ་ཚུང་མའེ་ལ་ལྟ་བར་འགྲོ་མཁན་རེད།

    ལི་ཧྲུའེ་ནི་རི་ཚོགས་ཀྱིས་བསྐོར་བ་དང་རྒན་རྒོན་ཁ་ཐོར་དུ་སྡོད་ཀྱི་ཡོད་པས། དེ་སྔོན་སྒོ་རྩར་རྒན་གསོའི་ཞབས་ཞུ་སྒྲུབ་པར་འགྲོ་ཁག་པོ་ཡོད། ད་ཆ་ཝུའུ་སུའུ་ཡཱ་དང་འདྲ་བའི་རི་ཁུལ་གྱི་རྒན་གསོའི་དོ་དམ་པ་1900ལྷག་ཙམ་གྱིས་གྲོང་གསེབ་ཏུ་གཞིས་ཆགས་ཏེ་རྒན་རྒོན་ཚོའི་ཁྱིམ་དུ་ལྟ་སྐྱོང་གི་ཞབས་འདེགས་གནད་སྨིན་ཞུ་གི་ཡོད།

    2023ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས“རྒན་བཀུར་རྒན་གཅེས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དང་སྤྱོད་བཟང་རེད། སྤྱི་ཚོགས་བདེ་སྐྱིད་ལྡན་མིན་གཙོ་བོ་རྒན་རྒོན་བདེ་སྐྱིད་ཡོད་མེད་ལ་ལྟ་དགོས”ཞེས་གསུངས་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“གཞི་རྩའི་རྒན་གསོའི་ཞབས་ཞུ་མཁོ་སྤྲོད་ལེགས་སུ་བཏང་ནས་རྒན་གསོའི་ཞབས་ཞུ་ཁེབས་ཚད་ཆེར་གཏོང་དང་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།

    2025ལོའི་ལོ་མཇུག་བར། རང་རྒྱལ་དུ་ལོ་60དང་དེ་ཡན་གྱི་རྒན་རྒོན་མི་འབོར་དུང་ཕྱུར་3.23ཙམ་ཡོད་པ་དེས་སྤྱི་འབོར་གྱི་23%བཟུང་བ་དང་། རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་རྟེན་ས་ཡོད་པ། རྒས་དུས་སྤྲོ་སྣང་ལྡན་པ། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་བདེ་འཇགས་ལྡན་པ་བཅས་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་རེ་སྒུག་ཅིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་དམངས་སྲིད་པུའུ་ཡིས་རིམ་དབྱེ་རིགས་དབྱེ་དང་། ཀུན་ཕན་འདོགས་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས་འཆར་འགོད་ཀྱི་འཆར་གཞི་དེ་རིམ་བཞིན་རྒན་རྒོན་ཚོས་མཐོང་ཐོས་མྱོང་རེག་ཐུབ་པའི་འཚོ་བ་བརྟན་པོར་འགྱུར་བ་བྱ་རྒྱུ་རེད། རྒན་རྒོན་གྱི་བདེ་སྐྱིད་ལྡན་པའི་འཚོ་བའི་མཛེས་རིས་ཤིག་དལ་གྱིས་འགོད་བཞིན་ཡོད།

    བོད་ལྗོངས་ལྷ་རྩེ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་ཉི་འོད་རབ་ཏུ་འཚེར་ཞིང་། ལོ་77ལ་སླེབས་པའི་ཆུང་ལགས་དང་རྒན་རྒོན་གཞན་དག་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་འདུག “ནད་སྐྱོང་བས་ལྟ་རྟོག་ཡག་པོ་བྱེད་པ་དང་རྒྱུན་གཏན་གྱི་འགྲོ་སྡོད་ཚང་མར་སེམས་ཁུར་བྱེད་ཀྱི་ཡོད་པས་བློ་བདེ་ལ་སེམས་ཀྱང་སྐྱིད་པོ་འདུག”ཅེས་ཆུང་ལགས་ཀྱིས་བཤད།

    སྲིད་ཇུས་ཀྱིས་གནད་སྨིན་ཤུགས་འདོན་བྱས་པས་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་ཡོད།

    ད་ལོའི་ཟླ་3པའི་བར། རྒན་རྒོན་ཁྲི་1519.9ལ་མ་མཐའི་འཚོ་བའི་འགན་ལེན་ཐུབ་པ་དང་། རྒན་རྒོན་ཁྲི་377.4དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་ཁྱབ་ཁོངས་སུ་བཅུག་པ། རྒྱལ་ཡོངས་གྲོང་གསེབ་རྒན་གསོ་ཁང་ཁྲི་1.5ཡིས་གཞི་རིམ་གྱི་འཐབ་ས་བརྟན་སྲུང་བྱེད་བཞིན་ཡོད། ཕྱོགས་གང་སར་ཁྱབ་པའི་རྒན་གསོའི་ཐ་སྐྱོང་དྲ་བ་སྔར་བས་ཚགས་དམ་དུ་འགྲོ་བཞིན་ཡོད།

    ཐ་སྐྱོང་དེ་བས་བརྟན་པ་དང་གཅེས་སྐྱོང་ཡང་དེ་བས་ཞིབ་ཚགས་ཤིང་། འཚམས་འདྲི་གཅེས་སྐྱོང་ཞབས་ཞུ་དེ་རྒན་གསོའི་སྒྲིག་གཞི་ཁྲི་1.3གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཁྲི་54.6ལ་ཁྱབ་གདལ་བཏང་བ་དང་རྫོང་རིམ་པར་འཚམས་འདྲི་གཅེས་སྐྱོང་ཞབས་ཞུའི་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་ཡོད། ལམ་ལུགས་མི་ཐོག་ཏུ་འཁྱོལ་བ་དང་ཞབས་ཞུ་བློ་ལ་བབས་པར་བསྒྲུབས་ཏེ་སེམས་ཁྲལ་ཚང་མར་འདི་བྱས་འདི་མིན་གྱི་ལན་སློག་གི་ཡོད།

    སྒྲིག་བཀོད་ཀྱི་བཀོད་པ་ལེགས་སུ་བཏང་བས་རྒན་གསོའི་སྤུས་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད།

    ཁྲུང་ཆིང་ཏན་ཅང་རྫོང་གི་ཏན་ཁང་ལི་དབྱི་ཉན་སྤྱི་ཤག་ཏུ་བགྲེས་སོང་ཁྲེན་ཞང་ཧུའེ་ལོ་མང་རིང་འཚོ་བ་བསྐྱལ་ནས་བསྡད་ཡོད། གླིང་ཁུལ་དུ་གློག་སྐས་དང་བར་ཁྱམས་གསར་དུ་བསྐྲུན་པས་དེ་སྔ་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཡོད། ཟ་ཁང་དུ་སྐྱོད་སྐབས་ཁྲེན་ཞང་ཧུའེ་ཡི་སྡོད་སར་ཤོག་བྱང་སེར་པོ་སྦྱར་ཏེ“བྱ་ཤ་དང་། ཡཱ་ཙེའི་ཤ མོ་ཡུས་ཟ་གི་མེད”ཅེས་བྲིས་ཡོད་པ་དང་། འགྲམ་གྱི་རྒན་རྒོན་གྱི་སྡོད་གནས་སུ་ཤོག་བྱང་ལྗང་ཁུ་སྦྱར་ཏེ“འབྲས་སྙི་པོར་དགའ”ཞེས་བྲིས་ཡོད། “ཚོས་གཞི་མི་འདྲ་བའི་ཤོག་བྱང་ཐོག་རྒན་རྒོན་གྱི་གཟུཌ་གཞིའི་གནས་ཚུལ་དང་བཟའ་བཏུང་གི་དགོས་མཁོ་བཀོད་ཡོད་པས་སོ་སོའི་ཁམས་དང་མཐུན་པའི་ཁ་ལག་བཟོ་བདེ་པོ་ཡོད”ཅེས་ལས་ཤག་གི་ཡོན་ཀྲང་ཏུང་དབྱི་ཕེ་ཡིས་ངོ་སྤྲོད་བྱས།

    རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཀྱི་བཀོད་པ་རྒྱུན་མཐུད་འཐུས་སྒོ་ཚང་དུ་སོང་ཞིང་། ད་ལོའི་ཟླ་3པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རྒན་གསོའི་སྒྲིག་གཞི་ཁྱོན་ཁྲི་3.89ཡོད། ནུས་པ་ཤོར་བ་དང་རིག་པ་ཉམས་པའི་རྒན་རྒོན་གྱི་ལྟ་རྟོག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒན་གསོའི་སྒྲིག་གཞིའི་ནད་ཁྲི་མང་དུ་བཏང་སྟེ། གསོ་བཅོས་ཟུང་འབྲེལ་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཁྱིམ་ཚང་དེ་བས་མང་བར་འདྲེད་འགོག་ལག་འཇུ་དང་། རིག་ནུས་འབོད་ཆས། འདྲེད་འགོག་པང་གཅལ་སོགས་སྒྱུར་བཀོད་ཆུང་ངུ་བྱས་ནས་ཁྱིམ་སྡོད་བདེ་འཇགས་བསྲུངས་ཏེ་རྒན་རྒོན་བློ་བདེ་པོ་ཡོང་བར་བྱས་ཡོད།

    རྒན་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དབུ་དཀར་དཔལ་འབྱོར་ལ་སྒུལ་ནུས་གསར་པ་འཕེལ་བ།

    མི་རིང་བའི་གོང་གཉེར་བའི་ཀྲུང་གོའི་རྒྱལ་སྤྱིའི་རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱི་འགྲེམས་ཚོགས་སྐབས་བཅུ་གཉིས་པའི་ཐོག་མི་ཐབས་རིག་ནུས་དང་། ཟོག་འབྲེལ་དྲ་བ། གྲངས་གཞི་ཆེ་མོ། སྤྲིན་རྩིས་སོགས་གྲངས་འཛིན་ལག་རྩལ་དང་རྒན་གསོའི་ཞབས་ཞུ་མཉམ་འདྲེས་བྱས་པའི་གྲུབ་འབྲས་གསར་ཤོས་དང་། ནུས་མང་འཕྲུལ་མི་དང་། རིག་ནུས་ལྟ་སྐྱོང་སྒྲིག་ཆས། བདེ་ཐང་ལྟ་ཞིབ་ཚད་ལེན་གྱི་མཐའ་སྣེ་སོགས་གསར་གཏོད་ཐོན་རྫས་གཅིག་སྡུད་འགྲེམས་སྟོན་བྱས་པས། ལྟ་སྐོར་བས་རྒན་གསོའི་ཞབས་ཞུའི་ཁྲོད་ཀྱི“ཚན་རྩལ་གྱི་ནུས་པ”གཏིང་ཟབ་ཚོར་ཡོད།

    ད་ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རྣམ་གྲངས་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་བཙུགས་པ་དང་། ཀྲུང་དབྱང་གིས་ནོར་སྲིད་མ་དངུལ་བཏང་སྟེ་ནུས་པ་ཕྱེད་ཀ་ཡན་ཤོར་བའི་རྒན་རྒོན་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་འཛིན་ཤོག་སྤྲད་པ་དེ་དག་ཁྱིམ་སྡོད་ནད་སྐྱོང་དང་། སྡེ་ཁུལ་གྱི་ལྟ་སྐྱོང་། སྒྲིག་གཞིར་གསོ་བཅོལ་སོགས་རྒན་གསོའི་ཞབས་ཞུའི་འགྲོ་སོང་གི་ཚབ་བྱེད་ཆོག་པས། ནུས་ཤོར་རྒན་རྒོན་ཁྲི་160ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད། དངོས་དངོས་རྗེན་རྗེན་གྱི་མ་དངུལ་བཏང་བ་དེས་ནུས་ཤོར་ཁྱིམ་ཚང་གི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། རྒན་གསོའི་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་ཀྱང་སྦྱིན་ཡོད།

    སྲིད་ཇུས་གསར་པ་རེ་རེ་དོན་ཐོག་ཏུ་འཁྱོལ་བ་དང་རྣམ་པ་གསར་པ་རེ་རེས་དྲོ་སྐྱིད་སྦྱིན་ཏེ་གང་སར་དམངས་འཚོའི་དྲོ་སྐྱིད་ཀྱིས་ཁེངས། རྒན་རྒོན་ཚོའི་འཛུམ་མདངས་རེ་རེ་ནི་སྤྱི་ཚོགས་བདེ་སྐྱིད་ལྡན་པའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་རེད།

    འགོ་འཛུགས་ནི་སྤྱི་ཡོངས་དང་འབྲེལ་བ་དང་། འབྱུང་འགྱུར་ནི་དངོས་སྒྲུབ་ལ་རག་ལས་པ།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་དམངས་སྲིད་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་རྒན་རྒོན་གྱི་བདེ་སྡུག་སེམས་སུ་བཅངས་ནས། མཐའ་ཚད་སྲུང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། ཞན་ཆ་སེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་རྒན་གསོའི་ཞབས་ཞུའི་དྲ་བ་སྐྲུན་པར་སྐུལ་འདེད་མྱུར་པོ་བཏང་ནས་རྒན་རྒོན་ཚང་མ་ཚེ་མཇུག་བདེ་ལ་འཁོད་པ་བྱ་རྒྱུ་ཡིན”ཞེས་དམངས་སྲིད་པུའི་པུའུ་ཀྲང་ལུའུ་ཀྲི་ཡོན་གྱིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།