2025ལོར་བོད་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ལེགས་ཀྱི་ཉིན་གྲངས་བསྡུར་ཚད་99.8%ཟིན་པ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2025ལོར་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། ཁོར་ཡུག་གི་མཁའ་རླུང་སྤུས་ལེགས་ཀྱི་ཉིན་གྲངས་བསྡུར་ཚད་99.8%ཟིན་པ། ཕྲ་རྡུལ(PM2.5)གྱི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ་9.5ཟིན་པ། མཚན་མོའི་དུས་སུ་བྱེད་ནུས་ཁུལ་གྱི་སྒྲའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་ལོན་ཚད་89.8%ཟིན་པ། གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ས་ངོས་ཀྱི་རིམ་པ་གསུམ་པའི་ཆུའི་ཚད་གཞི་ལོན་པའམ་ཡང་ན་དེ་ལས་ལེགས་པའི་བསྡུར་ཚད་100%ཟིན་པ། འཐུང་ཆུའི་ཆུ་འགོའི་སྤུས་ཚད་ལོན་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་བདེ་འཇགས་ཀྱི་ཆུ་ཚད་དུ་སླེབས་པ། འགྱེད་འཕྲོའི་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་བཟང་པོ་ཡོད་པ་བཅས་རེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལས་དོན་ཐད་གོམ་སྟབས་གསར་པ་སྤོས་པས་བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པའི་ཐད་ལོ་འཁོར་གྱི་གཙོ་གནད་ལས་འགན་ཁག་29ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་ལས་ཀའི་བྱ་ཐབས་145ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་ཡོད། མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་ཁྲོད་ནས་དམིགས་ཚད་ཁག་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་དམིགས་ཚད་ཁག་9རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དངོས་སུ་ལག་བསྟར་བྱས་ནས《སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱིས་དམངས་གཉེར་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་བྱ་ཐབས་འགའ་ཞིག》བཏོན་པ་རེད། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་རྫོང་ཁོངས་12གསར་སྣོན་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་མཐུན་སྦྱོར་གསར་གཏོད་ཀྱི་ཕྱོགས་བསྡུས་ཞིབ་འཇུག་བྱ་གཞི་ལེགས་སྒྲུབ་བྱས་ཏེ“གཙོ་རྐང་གཅིག་དང་། གནད་དོན་རིགས་ལྔ། བྱ་སྤྱོད་ཆེན་པོ་དྲུག ལམ་ལུགས་ཁག་བདུན”བཅས་ཀྱི་ཞིབ་འཇུག་གྲུབ་འབྲས་ཐོན་ཡོད།
མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ཁྱབ་ཁོངས་དབྱེ་བའི་བྱ་སྤྱོད་ཇུས་གཞི་བཟོས་པས། ལྷ་ས་གྲོང་ཁྱེར་ལ“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་དང་། སྐྱིད་གྲོང་གཙང་པོ་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོའི་ཕུལ་བྱུང་དཔེ་མཚོན་ཁག་བཞི་པར་བདམས་པ། ཆབ་མདོ་ལྷོ་རོང་རྫོང་སྒྲོལ་མ་ལྷ་མཚོ་དང་མྱང་ཆུ་གཉིས་རྒྱལ་ཁབ་རིམ་པའི་བདེ་སྐྱིད་གཙང་པོ་དང་མཚོར་བདམས་པ། ལྷ་རི་རྫོང་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྔོན་སྐྱོད་ཁུལ་གྱི་མིང་ཐོའི་ནང་ཚུད་པ་བཅས་རེད། གཏིང་སྐྱེས་རྫོང་དང་། མེ་ཏོག་རྫོང་། སྙན་རོང་རྫོང་། ཆུ་ཤུར་རྫོང་། བྲག་གཡབ་རྫོང་། ཀོང་པོ་རྒྱ་མདའ་རྫོང་བཅས་ལ་2025ལོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་དང“སྔོ་ཞིང་དྭངས་བའི་རི་ཆུ་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མིང་སོ་སོར་བཏགས་ཡོད། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་རྒྱལ་ཁབ་ཀྱི་རི་ཆུའི་ལས་གྲྭའི་དཔེ་མཚོན་དཔེ་གཞི་ཁག་གསུམ་པའི་ནང་བཅུག་ཡོད། ལྗོངས་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1300ལྷག་ཙམ་ཟིན་པ་དང་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་99%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ལྗོངས་ཡོངས་ཀྱི་རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་ཚད་དང་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་ཁག་སོ་སོར་95.23%དང་99.7%ཟིན་ཡོད། ཁྲིམས་འགལ་ངང་སྙིགས་རོ་བསྐྱུར་བའི་དོགས་གནད་ཁུལ་321ལ་གྲལ་བཤེར་དང་། ཞིབ་བསྡུར། དག་ཐེར་བཅས་བྱས་ནས་སྲ་གཟུགས་སྙིགས་རོ་ཏུན་14871བཅོས་སྒྲིག་བྱས་ཡོད། ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་རང་སྐྱོང་ལྗོངས་ཀྱི་4Aརིམ་པའི“སྙིགས་རོ་མེད་པའི་གྲོང་ཁྱེར”ཁག་དང་པོར་བདམས་ཡོད།
འབྲེལ་ཡོད་གསར་འགྱུར།