རང་ལྗོངས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་བསུས་པ།
ཚེས་13ཉིན། 2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་དུས་ལྟར་ཤར་བ་རེད། རང་ལྗོངས་ཀྱི་ས་གནས་ཁག་གིས་སྣེ་མང་མཉམ་འགུལ་གྱི་བྱ་ཐབས་སྤྱད་དེ་འཁྲབ་སྟོན་ཉམས་ལེན་དང་། རིག་དངོས་ཚན་རིག་ཁྱབ་གདལ། སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་སྤེལ། རིག་གནས་གསར་གཏོད་འགྲེམས་ཚོང་སོགས་ཀྱི་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། བག་ལ་ཉལ་བའི་རིག་དངོས་ལ་གསོན་ཤུགས་རྒྱས་པ་དང་གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་འཁྲུག་ཆ་དོད་དུ་བཏང་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ས་མཐོའི་རིག་རྒྱུན་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་ཁྱབ་པར་བྱས་ཏེ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསོན་ཉམས་དོད་པོས་སྤྱོད་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
ལྗོངས་ཡོངས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་ཡིན་པའི་ལྷ་སར་རྣམ་པ་སྣ་ཚོགས་དང་ཁྱབ་རྒྱ་ཆེ་བའི་རིག་གནས་དམངས་ཕན་གྱི་བྱེད་སྒོ་སྤེལ་ཞིང་། ཉིན་དེར་2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་གཙོ་བོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཆོས་གོང་གནའ་ཤུལ་དུ་སྤེལ་བ་དང་། བྱེད་སྒོའི་ནང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་། རང་སྐྱོང་ལྗོངས་རིམ་པའི་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་གི་མིང་ཐོ་ཁྱབ་བསྒྲགས། བོད་དུ་གནའ་རྫས་རྟོག་ཞིབ་བྱས་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན། རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་འགྲེམས་སྟོན་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཚུད་ཡོད་པ་དང་། དེ་ནས་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས་གནའ་ཤུལ་སྲུང་སྐྱོང་དང་། བདག་གཉེར་བེད་སྤྱོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་གཙོ་གནད་ལས་དོན་སྔར་བས་ཁ་གསལ་བཟོས་པ་རེད།
བོད་ལྗོངས་རྟེན་མཛོད་ཁང་གིས་རིག་དངོས་ལྟ་དཔྱད་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས། སྲོལ་རྒྱུན་གྱི་རྩལ་འགྲན་སོགས་ཁྱད་ལྡན་བྱེད་སྒོ་སྤེལ་ནས་སྲོལ་རྒྱུན་གྱི་སྒྲོམ་སྟེགས་སྒྲིག་གཤོམ་ལྟ་བར་འགྱུར་ལྡོག་བཏང་ཡོད། ས་ཡུལ་དངོས་སུ་བསླབ་པ་རྒན་པའི་རིགས་གཅིག་མཁས་ཅན་གྱིས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རྩ་ཆེའི་རིག་དངོས་བསྟན་ནས་རིག་དངོས་ཀྱི་ལོ་རྒྱུས་རིན་ཐང་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་མ་ཟད། ཕན་ཚུན་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་ཀྱང་བཀོད་སྒྲིག་བྱས་ཡོད། ཐང་གའི་རྡོ་ཚོན་སྤེལ་སྟངས་དང་། བོད་ཀྱི་ཚོས་རྒྱག་སྟངས། བོད་པའི་ཀེ་རེམ་ལ་མྱོང་རོལ། མི་རིགས་རྒྱན་གོས་གྱོན་པ་སོགས་ཀྱི་ཉམས་ལེན་གཏིང་ཟབ་བྱེད་པའི་རྣམ་གྲངས་སྤེལ་བ་ལས་གྲོང་མི་དང་ཡུལ་སྐོར་བས་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་དངོས་སུ་མྱོང་ཚོར་ཐུབ་ཡོད། འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་པའི་ནོར་བུ་གླིང་ཁར་ལྷ་མོའི་དམངས་ཕན་འཁྲབ་སྟོན་འཁྲུག་ཆ་དོད་པོ་ཡོད་ཅིང་། སྲོལ་རྒྱུན་གྱི་རྣམ་ཐར་དང་། བཟོ་རྩལ་ལེགས་པའི་ཞལ་འབག ཁྱད་ལྡན་གྱོན་ཆས་བཅས་ལས་མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་ཟབ་མོ་མངོན་པས་རྒན་དར་གཞོན་གསུམ་ཚང་མས་ལྟ་བར་འོང་སྟེ། རྣམ་ཐར་ལ་དགའ་པོ་ཡོད་མཁན་རྣམས་ཀྱིས་རྒྱུན་འཛིན་བརྟན་སྲུང་དང་གཞོན་ནུ་ལོ་ཆུང་ཚོས་ཀྱང་དགའ་པོ་བྱས་ནས་གནའ་བོའི་ལྷ་མོ་འདི་ཉིད་རྣམ་ཀུན་འཚོ་བའི་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་བཞིན་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས་དབྱིངས་ཞུགས་རྣམ་པའི་རྒྱུན་འཛིན་དམ་འཛིན་བྱ་གཞིར་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་གཞི་ཚུགས་པ་དང་མང་ཚོགས་ཁྲོད་ཁྱབ་པར་སྐུལ་འདེད་བཏང་ཡོད། ལྷོ་རོང་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སློབ་ཚན་སློབ་ཆུང་དུ་འཚོག་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་ས་ཡུལ་དངོས་སུ་རྒྱ་ཟའི་སྤོས་བཟོ་བའི་བརྒྱུད་རིམ་ཧྲིལ་པོ་བསྟན་པ་དང་ལག་རྩལ་གྱི་འབྱུང་ཁུངས་དང་བཟོ་ཐབས་ལ་ཞིབ་ཚགས་པོས་འགྲེལ་བཤད་བརྒྱབ་པ་མ་ཟད། སློབ་མར་སྤོས་བཟོ་སྟངས་དམར་ཁྲིད་ཀྱང་བྱས་པ་རེད། སློབ་མ་ཚོས་སྤོས་བཟོས་པ་བརྒྱུད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་བཟོ་བོའི་སྙིང་སྟོབས་དང་དྲོ་སྐྱིད་ཚོར་ཏེ་ས་གནས་དེ་གའི་རིག་གནས་རྒྱུན་འཛིན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། དཔལ་འབར་རྫོང་གིས་རྫོང་གྲོང་ཐང་ཆེན་དུ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོ་སྤེལ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་དབུ་ཆེན་བཅུ་ལྷག་ཙམ་གྱིས་རྨའུ་ཡི་བོད་གྲི་དང་ཐང་ག་འབྲི་བཞེངས་སོགས་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་12གཅིག་སྡུད་འགྲེམས་སྟོན་བྱས་པ་དང་སྦྲགས། མཉམ་འགུལ་ཉམས་ལེན་དང་རིག་གནས་གསར་གཏོད་འགྲེམས་ཚོང་ཆེད་ཁུལ་བཙུགས་ཏེ་མངོན་མིན་རིག་གནས་ཤུལ་བཞག་བྲིན་ཚོང་སྦྲེལ་མཐུད་ལས་སྟེགས་བཏོད་པས་མངོན་མིན་རིག་གནས་ཤུལ་བཞག་གི་དབུ་ཆེན་ལ་ཡོང་འབབ་བྱུང་བ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གིས་མང་ཚོགས་ཚོའི་ཡིད་དབང་འཕྲོག་ནས་དམངས་ཡོངས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པའི་སྤྲོ་བའང་འཕེལ་ཐུབ་པ་བྱུང་ཡོད།
ནག་ཆུ་གྲོང་ཁྱེར་གྱི་2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་ཉི་མ་རྫོང་དྭངས་ར་གཡུ་མཚོའི་ངོགས་སུ་སྤེལ་ཞིང་། བྱེད་སྒོའི་དུས་ཡུན་ཉིན་གཉིས་ཡིན་པ་དང་། དེའི་རིང“ཆེད་དོན་འཁྲབ་སྟོན་དང་རྒྱུན་མཐུད་འགྲེམས་ཚོང་ཟུང་དུ་འབྲེལ་བའི”བྱེད་ཐབས་གསར་དུ་བཏོད་ནས་དཔལ་མགོན་གྱི་ཁྲམ་གླུ་དང་། ཤན་རྩའི་བ་ཚྭའི་རྒྱན་གོས། གླིང་སྒྲུང་། འོམ་བུའི་སྒོར་གཞས་སོགས་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་པས། མངོན་མིན་རིག་གནས་ཤུལ་བཞག་གི་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ས་མཐོའི་རི་ཆུའི་མཛེས་ལྗོངས་གཅིག་ལ་གཅིག་རྒྱན་དུ་གྱུར་ཡོད།
ཇོ་མོ་གླང་མའི་འདབས་སུ་གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་ལས་ཐུན་མིན་གྱི་བཀྲག་མདངས་འཚེར། གྲོང་ཁྱེར་དེས“ཇོ་རིའི་བསྟོད་དབྱངས་མཉམ་དུ་གྱེར། རིག་གནས་ཤུལ་བཞག་ཉམས་སུ་ལེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་སུ་ཤུལ་བཞག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལྟད་མོ་ཆེ་བའི་སེ་མའི་བྲོ་དང་། དིང་རིའི་ལྷོ་གཞས། ལྷ་རྩེའི་སྟོད་གཞས། གཅུང་པའི་ལྷ་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་རེས་མོས་ངང་འཁྲབ་པར་དེར་ཡོད་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་འགྲེམས་ཚོང་ཁུལ་དུ་ཁྱད་ལྡན་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་སྣ་ཁ་འཛོམས་ཤིང་། ཐང་ག་བཞེངས་སྟངས་དང་། མང་ཆག་སྙོལ་སྟངས། བང་ཕིག་བཟོ་སྟངས། བོད་ལུགས་གསོ་རིག་གི་སྨན་བཅོས་སོགས་མཉམ་འགུལ་མྱོང་རོལ་རྣམ་གྲངས་ཆེན་པོ་དགུ་སྤེལ་བ་ལས་མང་ཚོགས་ལ་སྲོལ་རྒྱུན་གྱི་ལག་ཤེས་དང་བཟོ་རྩལ་ཉམས་སུ་མྱོང་རྒྱུ་བྱུང་ཡོད།
མངའ་རིས་ས་ཁུལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་དང་། འགྲེམས་སྟོན། འགྲེམས་ཚོང་། དྲ་ཕྱིའི་ཉམས་ལེན་བཅས་ཁྱད་ཆོས་ཆེན་པོ་བཞིའི་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འཕེལ་བར་བྱས་ཏེ། གནའ་བོའི་ཤེས་རིག་རྒྱུན་འཛིན་ལ་སླར་ཡང་ཚེ་སྲོག་གསར་པ་སྦྱིན་ཡོད། ཞང་ཞུང་རིག་གནས་ཐང་ཆེན་གྱི་འགོ་ཚུགས་བྱེད་སྒོར་ལྷ་མོ་དང་། ཤོན། སྒར་གྱི་གཡང་གླུ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་ངོ་མཚར་ཆེ་བ་དང་མངའ་རིས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་གསོན་ཉམས་དོད་པོས་མངོན་ཡོད། དེ་བཞིན། ས་ཡུལ་དངོས་སུ་དགེ་རྒྱས་ཀྱི་ཚྭ་ལུམས་དང་རུ་ཐོག་གི་བསླས་འཐག་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བཅུ་གྲངས་ཁ་ཤས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པས། མང་ཚོགས་དང་ཡུལ་སྐོར་བ་ཚོས་སྤོས་བཟོ་སྟངས་དང་སྐེ་དཀྲིས་བསླ་སྟངས་སོགས་ལ་དངོས་སུ་ལྟ་སྦྱོང་བྱེད་ཆོག་གི་ཡོད།
ད་ཐེངས་ལྗོངས་ཡོངས་སུ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེས་ས་མཐོའི་ཁྱད་ལྡན་རིག་གནས་ཐོན་ཁུངས་ལ་གཞི་ཚུགས་ཁར་ཁྱབ་གདལ་རང་བཞིན་དང་། ཉམས་ལེན་རང་བཞིན། དམངས་ཕན་རང་བཞིན་བཅས་ཚང་མ་ཡོད་པར་བྱས་ནས། རིག་གནས་ཤུལ་བཞག་དང་མང་ཚོགས་ཀྱི་འཚོ་བའི་དབར་སྦྲེལ་ལམ་བཟང་པོ་བཏོད་ཡོད། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་ཆབས་ཅིག རིག་གནས་རྒྱུན་འཛིན་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་རྒྱུན་འཛིན་ཁྲོད་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་འོད་སྣང་རྒྱུན་མཐུད་འཕྲོ་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།