དབུ་ཤོག
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-15

    འདི་ནི་ཟླ་6ཚེས་12ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་བརྟག་ཞིབ་གནང་བཞིན་པ།

    ● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་སེམས་ནུས་གཅིག་ཏུ་སྒྲིལ་དགོས།

    ཟླ་6ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་སེམས་ནུས་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ནས་ལས་བྱེད་ལས་བཟོ་དང་སྤེལ་རེས་གཏིང་ཟབ་གནང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད།“འདུ་ཤེས་གསུམ”གྱི་སློབ་གསོ་སྲ་བརྟན་དང་རྒྱ་སྐྱེད། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གྲུབ་འབྲས་དང་ལས་བྱེད་ལས་བཟོས་དཀའ་སྤྱད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་གསུངས་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་བྱ་གཞག་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་མཆོག་ནོར་ལྟ་བུ་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས།

    དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་དགོས་པའི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་པ་དང་། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ཆབ་སྲིད་ཀྱི་ནུས་པ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། སྐུལ་སློང་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་བརྟེན་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ནས་འཐབ་ཕྱོགས་གཅིག་གྱུར་ལ་ལྟ་བ་དང་འཐབ་ཕྱོགས་གཅིག་གྱུར་ལ་དམ་འཛིན་བྱེད་པ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ངོ་བོའི་བླང་བྱ་མཐའ་འཁྱོངས་བྱེད་པ། ཁྱབ་རྒྱ་ཆེ་ཤོས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ཕུགས་ཡུན་གྱི་ཐབས་ཇུས་དང་རྨང་བརྟན་གྱི་བྱེད་ཐབས་མང་ཙམ་སྤྱོད་པ་བཅས་བྱས་ནས། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་ཤིང་། བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲས་པའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་གསུམ་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་རིག་གནས་ཁྱིམ་གཞིས་མཉམ་དུ་སྐྲུན་པ། “འདུ་ཤེས་གསུམ”གྱི་སློབ་གསོར་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཏང་ཕྱིའི་འཐུས་མིའི་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཇུས་གཞི་དང་སྔོན་ཇུས་སྣ་ཚོགས་ལེགས་སུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་འགོག་ཟོན་ཆེན་པོ་བྱེད་པ། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་དེ་ཏང་དང་མིར་ཐུག་ཡོད། དེས་ན་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བཀོད་རྣམ་མུ་མཐུད་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆེན་པོ་ཆགས་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་ཐོན་པར་འགན་ལེན་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་བྱེད་པས་སྣེ་ཁྲིད་དེ་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས། བཅའ་ཁྲིམས། ཁྲིམས་སྲོལ་བཅས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ་དང་། སྣེ་ཁྲིད་དེ་ཏང་ཕྱིའི་མི་སྣ་དང་གྲོགས་པོ་རྒྱ་ཁྱབ་ཏུ་སྒྲིག་པ། ཆབ་སྲིད་ཀྱི་བྱང་ཚད་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད། ཆེད་ལས་ཀྱི་ནུས་པ། ལག་ལེན་གྱི་འཇོན་ཐང་བཅས་ཆེ་རུ་གཏོང་བ། ལས་དོན་སྒྲུབ་པར་རྒྱུས་མངའ་ངོ་མ་ཡོད་མཁན་ཞིག་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བའི་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚེ་རིང་ཐར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་ཉི་མ་བཅས་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།