དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • རི་ཆུ་བརྒལ་བའི་མཉམ་འཛོམས་ལས། སེམས་མཐུན་བདེ་སྐྱིད་འཚོ་བར་རོལ།

    —— ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་མི་རིགས་མི་འདྲ་བ་གཉེན་སྒྲིག་པའི་ཁྱིམ་ཚང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-15

    ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་གཞུང་དུ་གནས་པའི་འཕྱོངས་རྒྱལ་རྫོང་ལྷ་ཡུལ་ཤང་འདི་ཉིད་རི་ཚོགས་ཀྱི་ཁྲོད་དུ་དབེན་པར་གནས། དེ་གའི་གྲོང་སྡེ་མང་པོ་ཞིག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ལྡན་པ་སྟེ། མི་ཚང་གང་རུང་ཞིག་གི་སྒོར་འཛུལ་ཚེ། མི་རིགས་མི་འདྲ་བ་ཕན་ཚུན་གཉེན་སྒྲིག་པའི་ཁྱིམ་ཚང”ཞིག་ཏུ་སླེབས་སྲིད།

    མིག་སྔའི་བར། ལྷ་ཡུལ་ཤང་ལ་མི་རིགས་མི་འདྲ་བ་གཉེན་སྒྲིག་པའི་ཁྱིམ་ཚང་53ཡོད་པ་དེ་དག་སྐལ་བཟང་མེ་ཏོག་53དང་འདྲ་བར་ཤང་ཡོངས་ཀྱི་དུད་ཚང་1113ཁྲོད་དུ་གནས་ཤིང་། ཁོང་ཚོས་ཇ་མར་དང་འདྲ་བར་ཐུན་མོང་ཐོག“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། གཅིག་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུཌ་འདུན་གཏོད”པའི་གསོན་ཉམས་དོད་པའི་གཏམ་རྒྱུད་སྙན་མོ་བརྩམས་དང་རྩོམ་བཞིན་ཡོད།

    གོམས་གཤིས་མི་འདྲའི་ལྟོ་དུས་གཅིག་ལས་གཅིག་མཐུན་བསམ་པ་མཉམ་དུ་འགྲིལ་བ།

    ལ་ཁའི་ཉི་མ་སྦས་སྣ་གྲོང་ཚོའི་མོ་གོ་ཚོགས་ཆུང་ལ་འཕྲོ་བའི་སྐབས། ཙོའུ་ཧྲི་ཝུན་ཁྱིམ་གྱི་ཐབ་ཀའི་འགྲམ་དུ་ཁྱིམ་གྱི་བདག་མོ་ཚེ་བརྟན་སྒྲོལ་མས་ཇ་བསྲུབས་མ་བཟོ་བཞིན་ཡོད་པ་དང་། ཙོའུ་ཧྲི་ཝུན་གྱིས་འགྲམ་དུ་རྒྱ་ཁོག་ཁ་ཚ་གྲ་སྒྲིག་བྱེད་བཞིན་ཡོད། སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་ནས་ཡིན་པའི་སྐྱེས་པ་དེ་བོད་དུ་འཚོ་བ་བསྐྱལ་ནས་ལོ་ཉི་ཤུ་ལྷག་ཙམ་སོང་ཡོད།

    “གཉེན་སྒྲིག་བྱས་མ་ཐག་པའི་སྐབས་སུ་ཁོ་མོས་ངས་བསྐོལ་བའི་འབྲས་ཐུག་འཐུང་རྒྱུར་དགའ་པོ་བྱེད་ཀྱི་མི་འདུག ངས་ཀྱང་ཁོ་མོས་བཟོས་པའི་ཇ་བསྲུབས་མ་འཐུང་ཐུབ་ཀྱི་མི་འདུག ད་ཆ་ང་རང་ཞོགས་པར་ཡིན་གཅིག་ཇ་བསྲུབས་མ་མ་བཏུངས་ན་སྐྱིད་པོ་མི་འདུག་ལ། ཁོ་མོས་ཀྱང་ངས་བཟོས་པའི་རྒྱ་ཁོག་ཁ་ཚར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ཙོའུ་ཧྲི་ཝུན་གྱིས་འཛུམ་དམུལ་དམུལ་ངང་བཤད།

    ཐབ་ཚང་ནས་ཇ་བསྲུབས་མའི་དྲི་མ་དང་རྒྱ་ཁོག་ཁ་ཚའི་དྲི་མ་མཉམ་དུ་འཐུལ་འོང་བ་ནི་ཁྱིམ་ཚང་དེ་དང་འདྲ་བར་རིག་གནས་མི་འདྲ་བ་གཉིས་འཚོ་བའི་ཁྲོད་མཉམ་འདྲེས་བྱུང་བ་ཞིག་རེད།

    བཟའ་བཏུང་ཐད་ཀྱི་མཉམ་བསྲེས་དེ་རིགས་ནི་ལྷ་ཡུལ་ཤང་གི་མི་རིགས་མི་འདྲ་བ་གཉེན་སྒྲིག་པའི་ཁྱིམ་ཚང་ཚང་མའི་མཚོན་ཚུལ་ཞིག་ལགས། སྟོད་པ་གྲོང་ཚོའི་ཚོགས་ཆུང་དང་པོའི་ཀྲེང་ལའེ་ཡུན་ནི་ཀན་སུའུ་ཅི་ཧྲི་ཧྲན་ནས་ཡིན་པ་དང་། བོད་རིགས་བུ་མོ་སྐལ་བཟང་བདེ་སྐྱིད་དང་འཇིག་རྟེན་མཐུན་མཇུག་གི་ལམ་ལ་ཞུགས་ཤིང་། ད་ཆ་ཀྲེང་ལའེ་ཡུན་གྱིས་བོད་ཀྱི་བྲོ་བ་ལྡན་པའི་རྒྱུ་མ་རྒྱོངས་ཤེས་པ་མ་ཟད། ཁོང་གི་བཟའ་ཟླས་ཀན་སུའུ་ཡི་འཐེན་ཐུག་ཡག་པོ་བཟོ་ཤེས་ཀྱི་ཡོད། ད་ལོའི་བོད་ཀྱི་ལོ་གསར་སྐབས་ཁྱིམ་མི་ཚང་མས་དགུ་ཐུག་བཏུངས་པ་མ་ཟད་ཆུ་མོག་ཀྱང་བཟས་པ་དང་། དཔྱིད་གསར་དུས་ཆེན་གྱི་སྐབས་སུའང་གནམ་གང་གི་ཁ་ལག་མཉམ་དུ་བཟས་པ་མ་ཟད་གྲོ་སོ་ཕྱེ་མར་ཡང་བསྒྲིགས་ཡོད་པ་རེད།

    སྐྱིད་སྡུག་མཉམ་མྱོང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་བསྐྱངས་པ།

    ལྷ་ཡུལ་ཤང་གི་མི་རིགས་མི་འདྲ་བ་གཉེན་སྒྲིག་པའི་ཁྱིམ་ཚང་མང་ཆེ་བར་ཐུན་མོང་གི་ཁྱད་ཆོས་ཤིག་ལྡན་པ་ནི་སྐྱེས་པ་ཕལ་ཆེ་བ་ལྗོངས་ཕྱི་ནས་ཡོང་བ་དང་། བུད་མེད་དག་ས་གནས་དེ་ག་ནས་ཡིན་པ་རེད། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན། ཁྲུང་ཆིང་། ཧོ་ནན་སོགས་ནས་ཡོང་བའི་སྐྱེས་པ་ཚོས་ལེ་དབར་སྟོང་ཕྲག་ཁ་ཤས་ཁྱད་དུ་བསད་དེ་ལྷ་ཡུལ་གྱི་ལུང་གཞུང་དུ་ཁྱིམ་གཞིས་བཙུགས་ཡོད།

    ཆང་ཁྱིམ་གྲོང་ཚོའི་ཙུའུ་གཉིས་པ་ནས་ཡིན་པའི་པད་མ་ཆོས་སྒྲོན་གྱི་བཟའ་ཟླ་ཀྲང་ཤུས་ཀང་ནི་ཟི་ཁྲོན་ཏཱ་དབྱི་ནས་ཡིན་ཞིང་། 2018ལོར་བཟའ་ཚོ་གཉིས་པོས་ཕྲུ་གུ་ཁྲིད་ནས་ལྗོངས་ཕྱིར་ལས་གཏོད་བྱེད་པར་བསྐྱོད་དེ་ཁྲེང་ཏུའུ་རུ་བོད་ཟས་ཟ་ཁང་ཞིག་བཙུགས་པ་རེད།

    “ཐོག་མར་གཞིས་ཆགས་སྐབས། ས་གནས་དེ་གའི་མིས་ཇ་བསྲུབས་མའི་བྲོ་བ་གང་འདྲ་ཡིན་པ་ཤེས་ཀྱི་མེད་པས། ངེད་གཉིས་ཀྱིས་རིན་པ་མ་བླངས་པར་ཁོང་ཚོར་ཇ་བསྲུབས་མ་བླུགས་པ་ཡིན”ཞེས་པད་མ་ཆོས་སྒྲོན་གྱིས་བཤད་པ་དང་། ཁོང་གིས“ད་ཆ་སྐུ་མགྲོན་མང་པོ་ཞིག་གིས་ཆེད་མངགས་ཇ་བསྲུབས་མ་འཐུང་བར་ཡོང་གི་ཡོད། ན་ནིང་བོད་ཀྱི་ལོ་གསར་སྐབས་ཟ་ཁང་ནང‘རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ’ཞེས་པའི་མཉམ་འཛོམས་སྟོན་མོ་བཤམས་པར་སི་ཁྲོན་གྱི་གྲོགས་པོ་མང་པོ་ཡོང་ནས་སྒོར་གཞས་འཁྲབ་སྟེ་ཧ་ཅང་འཁྲུག་པོ་བྱུང་སོང”ཞེས་བཤད།

    ཆང་ཁྱིམ་གྲོང་ཚོའི་ཏང་ཡོན་རྒན་གྲས་ཀརྨ་རྣམ་རྒྱལ་གྱིས་བརྗོད་པ་བཞིན“མི་རིགས་མཐུན་སྒྲིལ་སྐོར་ལོ་ག་ཚོད་གླེང་བ་དང་གང་འདྲ་གླེང་དགོས་ཞེ་ན། དེ་ནི་ཕྲུ་གུ་ཚོས་རྟག་ཏུ་འབོད་པའི‘སྤོ་ལགས’དང‘ནའེ་ནའེ’ཞེས་པའི་སྐད་ཆ་དང་། ‘དགུ་ཐུག་དགོང་མོའི’དགུ་ཐུག་དང‘གནམ་གང་དགོང་མོའི’ཅའོ་ཙེ་ལས་མཚོན་གྱི་ཡོད”

    མེ་ཏོག་ང་དྲུག་མཉམ་བཞད་ཀྱིས“ཁ་འབྲལ་ཐབས་མེད་པ་གསུམ”རྩ་བ་བརྟན་པོ་ཚུགས་པ།

    ལྷ་ཡུལ་ཤང་གི་དུད་ཚང་53ནི་མི་རིགས་མཐུན་སྒྲིལ་གཉེན་སྒྲིག་ཁྱིམ་ཚང་ཡིན་ཞིང་། དེའི་ནང་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཐུའུ་ཅ་རིགས་སོགས་མི་རིགས་མང་པོ་ཚུད་ཡོད། ཁོང་ཚོས་ས་ཁོངས་ལས་བརྒལ་ཏེ་གཉེན་སྒྲིག་ཆོག་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱས་ཡོད།

    ཆང་ཁྱིམ་གྲོང་ཚོའི་ངག་དབང་ཚེ་རིང་ཁྱིམ་གྱི་གཏམ་རྒྱུད་དེ་བས་མི་སེམས་འགུལ་བ་ཞིག་ཡོད་དེ། ཁོང་གི་བུ་མོ་འཛོམས་པ་སྐྱིད་ཧོ་ནན་ཞིང་ཆེན་ཀོང་ཧྲན་རྫོང་གི་ཡུལ་མི་ཝུའུ་མིང་ཡོན་གྱི་མནའ་མར་སྟེར་བ་དང་། རྗེས་སུ་ཝུའུ་མིང་ཡོན་སྟབས་མི་ལེགས་པར་ཚེ་ལས་འདས་པས། འཛོམས་པ་སྐྱིད་ཀྱིས་ཕྲུ་གུ་གསུམ་པོ་ཁྲིད་དེ་བོད་དུ་ལོག དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་གྲོང་ཚོའི་ལས་བྱེད་པས་ཁོ་མོར་མ་མཐའི་འཚོ་བའི་འགན་སྲུང་རེ་བ་ཞུ་རོགས་བྱས་པ་མ་ཟད། ཤང་གིས་ད་དུང་ཁོ་མོ་རྩལ་ནུས་གསོ་སྦྱོང་ལ་ཞུགས་སུ་བཅུག་པ་དང་། ཕྲུ་གུ་སློབ་གྲྭར་སྐྱོད་པར“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་ཡོད། ད་ཆ་ཁོ་མོ་ལྷོ་ཁ་གྲོང་ཁུལ་དུ་ཞོར་ལས་བྱེད་བཞིན་ཡོད་པས་འཚོ་བ་ཡང་རིམ་བཞིན་ལེགས་སུ་ཕྱིན་ཡོད།

    འདི་ནི་ལྷ་ཡུལ་ཤང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་མཚོན་བྱེད་ཙམ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ལྷ་ཡུལ་ཤང་གིས་མི་རིགས་མི་འདྲ་བ་གཉེན་སྒྲིག་པའི་ཁྱིམ་ཚང་ལ་འཕྲད་པའི་དཀའ་ངལ་ལ་དམིགས་ནས“གཅིག་གཏད་གཅིག”གི་རོགས་སྐྱོར་བྱས་པ་སྟེ། ཁོང་ཚོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་དང་བོད་སྐད་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཕྱིར་གླ་པ་རྒྱུག་པར་སྐྱོད་མཁན་ཁྱིམ་ཚང་གི་གཞིས་ལུས་བྱིས་པར་ལྟ་རྟོག་བྱེད་པ། དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གནས་སྐབས་རོགས་སྐྱོབ་རེ་ཞུ་བྱེད་པ་སོགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།