ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་སུ་བརྟག་ཞིབ་གནང་ནས། རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དང་། པར་རྒྱག་མཁས་ཅན་མཐུན་ཚོགས། བོད་ལྗོངས་མཛེས་རྩལ་ཁང་བཅས་སུ་ཕེབས་ཏེ་འཐབ་ས་དང་པོའི་རིག་རྩལ་ལས་དོན་པ་དང་ངོ་འཕྲད་སྤེལ་རེས་གནང་བ་མ་ཟད། རང་ལྗོངས་ཀྱི་རིག་རྩལ་བྱ་གཞག་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་ཀྱང་གནང་བ་རེད།
རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས་སུ་ཞུས་ཀྲི་ཝུན་གྱིས་ཚོགས་མི་དོ་དམ་དང་། རྩོམ་རིག་གསར་རྩོམ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ཞིང་། ཁོང་གིས། རྩོམ་པ་པོའི་མཐུན་ཚོགས་ནི་ཏང་དང་སྲིད་གཞུང་གིས་མཐུན་སྒྲིལ་འབྲེལ་གཏུག་དང་རྒྱ་ཆེའི་རྩོམ་རིག་ལས་དོན་པར་སྣེ་ཁྲིད་དང་ཞབས་འདེགས་ཞུ་བའི་འབྲེལ་ཟམ་དང་སྒྲོག་ཐག་གལ་ཆེན་ཞིག་ཡིན་པས། འགན་འཁྲི་དང་ལས་འགན་ཕྲག་ཏུ་ཏན་ཏིག་འཁུར་བ་དང་ཞབས་ཞུ་འགན་སྲུང་ལེགས་སུ་བཏང་ནས། བརྩམས་ཆོས་རྩེ་གྲ་འདོན་པ་དང་ཤེས་ལྡན་པ་གསོ་སྐྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚོགས་མི་ཡོངས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་གཅིག་སྡུད་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ། རང་ས་རང་ཡུལ་གྱི་རྩོམ་རིག་ཤེས་ལྡན་པ་གསོ་སྐྱོང་ལ་སྣང་ཆེན་བྱེད་པ། ལྗོངས་ཕྱིའི་རྩོམ་པ་པོར་བརྟེན་ནས་བོད་ལྗོངས་བརྗོད་བྱར་བྱེད་པའི་རྩོམ་རིག་བརྩམས་ཆོས་གསར་རྩོམ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་པར་རྒྱག་མཁས་ཅན་མཐུན་ཚོགས་སུ་ཕེབས་སྐབས། ཞུས་ཀྲི་ཝུན་གྱིས་པར་རིས་བརྩམས་ཆོས་ཕྱོགས་བསྒྲིགས་ལ་ནན་ཏན་ངང་གཟིགས་པ་མ་ཟད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་པར་རྒྱག་གསར་རྩོམ་གྱི་གྲུབ་འབྲས་དང་བྱ་དགའ་ཐོབ་ཚུལ་མཁྱེན་རྟོགས་ཞིབ་ཕྲའང་གནང་ཞིང་། ཁོང་གིས། པར་རིས་མཚམས་སྦྱོར་དུ་བྱས་ཏེ་ཁྱབ་སྤེལ་ཐབས་ལམ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་མཐུད་ཆེ་རུ་གཏོང་དགོས། ཁྱབ་སྤེལ་བྱེད་སྟངས་གསར་གཏོད་ཀྱིས་སྨྱན་སྦྱོར་གསར་པའི་ཁྱབ་སྤེལ་ལས་སྟེགས་ཡག་པོ་སྤྱད་ནས། དྲ་ཐོག་འགྲེམས་སྟོན་བྱེད་པ་དང་དྲ་ཐོག་འོས་སྦྱོར་བྱེད་རྒྱ་ཆེ་རུ་བཏང་སྟེ། བོད་ཀྱི་ཕུལ་བྱུང་པར་ལེན་བརྩམས་ཆོས་ཀྱི་ཁྱབ་རྒྱ་དེ་བས་ཆེ་རུ་དང་ཤུགས་རྐྱེན་དེ་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
བོད་ལྗོངས་མཛེས་རྩལ་ཁང་དུ། ཞུས་ཀྲི་ཝུན་གྱིས་འགྲེམས་ཁང་གི་བྱེད་ནུས་བཀོད་སྒྲིག་དང་། མཛོད་ཉར་བརྩམས་ཆོས་བཤམས་སྟོན། རིག་རྩལ་སྤེལ་རེས་བྱེད་སྒོ་སྤེལ་བ་སོགས་ཀྱི་གནས་ཚུལ་ཡུལ་དངོས་སུ་གཟིགས་ཞིབ་གནང་ཞིང་། ཁོང་གིས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ནས་མཛེས་རྩལ་ཁང་གི་ནུས་པ་སྣུར་སྲིང་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བྱེད་སྒོ་དང་། རིག་གནས་ཀྱི་རྣམ་པ། རིག་གནས་ཀྱི་ལས་རྣམ་བཅས་བཏོད་དེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཕྱོགས་ཡོངས་དང་། གཏིང་ཟབ་པ། སྤུས་ཚད་མཐོ་བ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།