2026ལོའི“ཀྲུང་གོའི་མི་བཟང་གི་མིང་གྲལ”ཁག་དང་པོའི་ནང་བོད་ལྗོངས་ནས་མི་1ཚུད་པ།
ཚེས་11ཉིན། 2026ལོའི“ཀྲུང་གོའི་མི་བཟང་གི་མིང་གྲལ”ཁག་དང་པོའི་ཡོངས་བསྒྲགས་མཛད་སྒོ་ཧོ་པེ་ཞིང་ཆེན་ཤིན་ཐའེ་གྲོང་ཁྱེར་དུ་འཚོགས་ཤིང་། གཞན་ཕན་བྱ་བ་སྒྲུབ་པར་དགའ་བ་དང་། བདེན་པའི་རྒྱབ་ལངས། ཁ་དན་ཚིག་གནས། ལས་བཀུར་ལེགས་སྐྱེས། རྒན་བཀུར་གཉེན་གཅེས་བཅས་བྱེད་མཁན་ཉེ་འགྲམ་གྱི་མི་བཟང་151གཟི་བརྗིད་ལྡན་པའི་ངང་མིང་གྲལ་དུ་ཚུད་ཡོད། དེའི་ནང་མངའ་རིས་ས་ཁུལ་གྱི་རིག་འཛིན་དབང་གྲགས“ལས་བཀུར་ལེགས་སྐྱེས་རིགས”སུ་ཚུད་པ་མ་ཟད། ད་ཐེངས་ཀྱི“ཀྲུང་གོའི་མི་བཟང་གི་མིང་གྲལ”དུ་བོད་རང་སྐྱོང་ལྗོངས་ནས་ཚུད་མཁན་འབའ་ཞིག་དེའང་རེད།
རིག་འཛིན་དབང་གྲགས། སྐྱེས་པ། བོད་རིགས། ཀྲུང་གུང་ཏང་ཡོན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་རིག་དངོས་སྲུང་སྐྱོབ་པ་ཡིན། ས་བབ་སྨི་4500ཟིན་པའི་རྩྭ་མདའི་བྲུ་རོང་དུ་རིག་འཛིན་དབང་གྲགས་ཀྱིས་ལོ་20ལྷག་ཙམ་རིང་ཕྱི་དབང་བྲག་ཕུག་སྲུང་སྐྱོང་བྱས་ཤིང་། ཁོང་གིས་ཉིན་ལྟར་གཡང་གཟར་རྡོ་སྐས་400འཛེགས་ཏེ་བྲག་ཕུག་གཙང་ཕྱགས་དང་ལྡེབས་རིས་ལ་སྐོར་ཞིབ་བྱེད་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་10ཙམ་ལ་སྣེ་ལེན་ཞུས་ནས་བྲག་ཕུག་གི་སྣེ་ཤན་པར་གྱུར་ཡོད།
རིག་འཛིན་དབང་གྲགས་ཀྱི་སེམས་ནང་བྲག་ཕུག་དང་ལྡེབས་རིས་དེ་དག་ནི་བེམ་པོ་ཞིག་གཏན་ནས་མིན། “དེ་དག་ནི་ང་ཚོའི་རྩ་བ་དང་གུ་གེ་རྒྱལ་རབས་ཀྱི་བླ་སྲོག་ཡིན་པས། དེ་དག་ལ་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ལོ་རྒྱུས་སྲུང་སྐྱོང་བྱས་པ་ཞིག་རེད” ཁོང་གི་ངོས་ནས་བརྗོད་ན། བྲག་ཕུག་སྲུང་སྐྱོང་བྱ་རྒྱུ་དེ་འཚོ་བ་འཕྱིས་ཐབས་བྱེད་པའི་ལས་ཀ་ཞིག་མ་ཡིན་པར། དེ་ནི་སེམས་ནང་བརྟན་པོར་སྲུང་བའི་འགན་འཁྲི་ཞིག་རེད།
འབྲེལ་ཡོད་གསར་འགྱུར།