རང་རྒྱལ་གྱི་འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་གི་སྲུང་སྐྱོང་སྣང་ཚུལ་མུ་མཐུད་ལེགས་སུ་ཕྱིན་པ།
ད་ལོའི་ཟླ་6ཚེས་13ཉིན་ནི་རང་རྒྱལ་གྱི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཐེངས་བཅུ་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་གི་ཚན་རིག་རང་བཞིན་དང་། བརྒྱུད་རིམ་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་སྲུང་སྐྱོང་སྣང་ཚུལ་མུ་མཐུད་ལེགས་སུ་ཕྱིན་ཡོད།
ཉིན་ཤས་གོང་། རང་རྒྱལ་དུ་འཛམ་གླིང་ཤུལ་བཞག་ཁག་60ཡོད་པ་དེའི་ཁྲོད་འཛམ་གླིང་རིག་གནས་ཤུལ་བཞག་ཁག་41དང་། འཛམ་གླིང་རང་བྱུང་ཤུལ་བཞག་ཁག་15 འཛམ་གླིང་རིག་གནས་དང་རང་བྱུང་གཉིས་ལྡན་གྱི་ཤུལ་བཞག་ཁག་4བཅས་ཡོད་པ་དང་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་དོ་དམ་གྱི་ཆུ་ཚད་མདུན་གྲལ་དུ་སླེབས་ཡོད།
“མངོན་མིན་རིག་གནས་ཤུལ་བཞག་གི་ཚ་རླབས”དང“རིག་གནས་འགྲེམས་ཚོགས་ཀྱི་ཚ་རླབས”འཕྱུར་ཤུགས་མུ་མཐུད་ཆེ་རུ་སོང་ཞིང་། 2025ལོར་རྒྱལ་ཡོངས་རྟེན་མཛོད་ཁང་གིས་འགྲེམས་སྟོན་ཁྲི་4.5བྱས་པ་དང་། སློབ་གསོའི་བྱེད་སྒོ་ཐེངས་ཁྲི་58.3སྤེལ་བ། ལྟད་མོ་བ་མི་ཐེངས་དུང་ཕྱུར་15.6ལ་སྣེ་ལེན་ཞུས་ཡོད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་ལ་བརྟེན་ནས། རང་བྱུང་ཤུལ་བཞག་ལ་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། ཤུལ་བཞག་ཁུལ་80%ལྷག་ཙམ་ལ་རང་བྱུང་ཉམས་གསོ་བྱས་པ། སྐྱེ་ཁམས་ཉམས་གསོའི་རྣམ་གྲངས་མང་པོ་ཞིག་གོ་ལ་ཧྲིལ་པོའི་ཕུལ་བྱུང་དཔེ་མཚོན་དུ་བདམས་ཡོད།
འབྲེལ་ཡོད་གསར་འགྱུར།