བོད་ཀྱི་རང་སྐྱོང་ལྗོངས་རིམ་པའི་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་ཁག་དང་པོར་སྒོ་བྱང་སྤྲད་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། 2026ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་གཙོ་བོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཆོས་གོང་གནའ་ཤུལ་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་བོད་ཀྱི་རང་སྐྱོང་ལྗོངས་རིམ་པའི་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྤྱི་གླིང་ཁག་དང་པོ་5ལ་སྒོ་བྱང་སྤྲད་པ་ལས་བོད་ཀྱི་གནའ་རྫས་རྟོག་ཞིབ་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གནའ་རྫས་རྟོག་ཞིབ་གནའ་ཤུལ་ལྔ་པོ་དེ་དག་གི་རིན་ཐང་མངོན་གསལ་དོད་པ་དང་། ནང་དོན་གཏིང་ཟབ་པ། མཚོན་བྱེད་རང་བཞིན་ཆེན་པོ་ལྡན་ཡོད། དེ་དག་ལས་ཆོས་གོང་གནའ་ཤུལ་ནི་བོད་ཀྱི་དབུས་རྒྱུད་ས་ཁུལ་ནས་རྙེད་པའི་རྡོ་ཆས་གསར་མའི་དུས་རབས་ཀྱི་གནའ་ཤུལ་ཐོག་མ་དེ་ཡིན་ལ། ད་བར་ཤེས་རྟོགས་བྱུང་བའི་ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་སྔ་ཤོས་ཀྱི་འབྱུང་རྩ་ཞིག་ཀྱང་རེད། འོན་ཅང་རྡོའི་གནའ་ཤུལ་དུ་ཐུ་བྷོད་དུས་སྐབས་ཀྱི་རྒྱ་བོད་མཉམ་འདྲེས་ཀྱི་རིམ་མཐོའི་རྡོ་རིང་ཡོད། མ་བུ་མཚོའི་གནའ་ཤུལ་གྱིས་ས་མཐོའི་མཚོ་འགྲམ་གྱི་མེས་པོ་ཚོའི་འཚོ་གནས་དང་རྔོན་རྒྱག་གི་ཤེས་དཔལ་རྣམ་པ་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། ཁ་རུབ་གནའ་ཤུལ་གྱིས་གངས་ལྗོངས་ས་མཐོའི་ཤེས་དཔལ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཀྲུང་ཡོན་ས་ཁུལ་གྱི་ཤེས་དཔལ་དབར་གྱི་ལོ་རྒྱུས་ཀྱི་འབྱུང་རྩ་ཟབ་མོ་དང་རིག་གནས་འབྲེལ་བ་ར་སྤྲོད་བྱས་ཡོད། ལ་ཕབ་གནའ་ཤུལ་གྱིས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ཅན་གྱི་རྣམ་པ་གྲུབ་པའི་བརྒྱུད་རིམ་གསལ་བཤད་བྱེད་པར་དངོས་པོའི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད།
བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ཁྲུའི་ཁྲུའུ་ཀྲང་སུན་ཏན་གྱིས། ད་ཐེངས་སྒོ་བྱང་སྤྲོད་པ་ནི་བོད་ཀྱི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། དམངས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། གོམ་སྟབས་རྗེས་མར། བོད་ཀྱིས་གནའ་ཤུལ་སྲུང་སྐྱོབ་དང་། ཞིབ་སློབ་འགྲེམས་སྟོན། གནའ་རྫས་རྟོག་ཞིབ་ཞིབ་འཇུག སྤྱི་པའི་ཞབས་ཞུ་སོགས་ལེ་ལག་ཚང་བའི་འཆར་འགོད་དང་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། གནའ་ཤུལ་སྤྱི་གླིང་དེ་མང་ཚོགས་ཀྱིས་ཤེས་ཚོར་ཐུབ་པ་དང་། ཉམས་ལེན་ཐུབ་པ། མཉམ་སྤྱོད་ཐུབ་པ་བཅས་ཀྱི་སྤྱི་པའི་རིག་གནས་བར་མཐོངས་སུ་འགྱུར་བར་བྱས་ཏེ། གནའ་རྫས་རྟོག་ཞིབ་དང་གནའ་ཤུལ་སྲུང་སྐྱོང་ཞིབ་འཇུག་གི་གྲུབ་འབྲས་ཀྱིས་སྤྱི་ཚོགས་དང་མི་དམངས་ལ་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།