དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབུལ་ཕོངས་ཀྱི་གནས་ལས་ཐར་བར་བྱས་ཏེ་ཐུན་མོང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་པར་ཤུགས་སྣོན་ཧུར་ཐག་རྒྱག་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2026-06-15

    ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་ཡིས“དབུལ་ཕོངས་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཞིག་ཡིན་པས་འཛམ་གླིང་གི་ཕྱོགས་གང་སའི་མི་རྣམས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱིན་ཡོད” ཅེས་བརྗོད། མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཤུགས་ཞན་པ་དང་དབུལ་ཕོངས་གི་ཉུང་གཏོང་བྱ་གཞག་ལ་གནོན་ཤུགས་མངོན་གསལ་དོད་པོ་ཡོད་པས་ལྷོ་བྱང་འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད། དབུལ་ཕོངས་ཞེས་པའི་མིའི་རིགས་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་དེར་ཕྱོགས་སྐབས་ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་ལག་ལེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དབུལ་ཕོངས་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་ཡོང་བར་སྒུལ་ཤུགས་དེ་བས་མང་བ་བསྣན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚད་མཐོའི་དོ་ཁུར་ཐོབ་ཡོད།

    གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོར་དེ་སྔ་དབུལ་ཕོངས་ཀྱིས་རྐྱེན་པས་དཀའ་ངལ་ཚད་མེད་འཕྲད་མྱོང་ཡོད། ལོ་8རིང་འགག་སྒྲོལ་དཀའ་སེལ་བྱས་པ་བརྒྱུད། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་1ཙམ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། ལོ་5བསྟུད་མར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བས། རྫོང་དབུལ་པོ་832ཀྱིས་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་1.7ལས་བརྒལ་བའི་ཁྱད་ལྡན་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོ་མི་ཆགས་པའི་མཐའ་ཚད་བརྟན་པོ་བསྲུངས་ཡོད། སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་པ་དང་། འཆར་གཞི་གཅིག་ལེགས་པར་བཀོད་ན་ཐོག་མཐའ་བར་གསུམ་དུ་མཉེན་ཆ་ཆེན་པོ་མངའ་བ། སྙིང་རུས་དང་འབད་འཐབ་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ནས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དབུལ་ཕོངས་ཉུང་གཏོང་གི་དམིགས་ཚད་ལོ་10ཡི་སྔ་སྣུར་དུ་མངོན་འགྱུར་བྱས་ནས། གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་ཐད་ལེགས་སྐྱེས་འབུལ་ཚད་བཅུ་ཆ་བདུན་ལས་བརྒལ་བ་དང་། “གནད་སྨིན་དབུལ་སྐྱོར”གྱི་འདུ་ཤེས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་དངོས་སུ་བཅུག་ཡོད། ཐི་མོར་ཤར་མའི་ཙུང་ལི་གཞོན་པ་ས་པི་ནུའོ་ཡིས། ཡུན་རིང་གི་འདུན་པ་དང་། རྒྱུན་མཐུད་ཀྱི་སྲིད་ཇུས། བྱ་སྤྱོད་ཏན་ཏིག་བཅས་ཡོད་ཚེ་དབུལ་ཕོངས་ལས་རྣམ་པར་རྒྱལ་ཐུབ་པ་ཀྲུང་གོས་འཛམ་གླིང་ལ་ར་སྤྲོད་བྱས་ཡོད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། 《དབུལ་ཕོངས་ལས་སྒྲོལ་བ》དང《ཞི་ཅིན་ཕིང་གི་དབུལ་སྐྱོར་རྣམ་བཤད་གཅེས་བསྡུས》གཉིས་ཕྱི་རྒྱལ་གྱི་སྐད་ཡིག་མང་པོར་བསྒྱུར་ནས་ཕྱི་རྒྱལ་གྱི་ཀློག་པ་པོ་མང་པོའི་དཔེ་སྒྲོམ་ཐོག་བསྒྲིགས་ཡོད། ཀྲུང་གོ་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་ཕོངས་ཉུང་གཏོང་གི་ལམ་བུར་བསྐྱོད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་ཕོངས་ཉུང་གཏོང་གི་རིགས་པའི་གཞུང་ལུགས་གྲུབ་ཡོད། བཅོས་སྐྱོང་གི་འདུ་ཤེས་ནས་རོགས་སྐྱོར་ལམ་སྲོལ་བར་དང་ཁྱད་ལྡན་རྣམ་པ་ནས་དངོས་སྤྱོད་ལག་རྩལ་བར། ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་ཉམས་མྱོང་འཛམ་གླིང་དུ་ཁྱབ་བཞིན་ཡོད་པས་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་བྱ་གཞག་ལ་དཔྱད་གཞིར་འཛིན་ཆོག་པའི་བཅོས་སྐྱོང་གི་མ་དཔེ་མཁོ་འདོན་བྱས་ཡོད།

    མི་རིང་བའི་གོང་འཚོགས་པའི་2026ལོའི་དབུལ་ཕོངས་ཉུང་གཏོང་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་ཀྲུང་གོ་དང་། རྒྱལ་ཁབ་53 རྒྱལ་སྤྱིའི་སྒྲིག་གཞི་ཁག་9བཅས་ཀྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་པའི་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་དང་འཕེལ་རྒྱས་ཀྱི་རོགས་ཟླའི་མནའ་འབྲེལ་བཙུགས་པ་ཁྱབ་བསྒྲགས་བྱས་པ་རེད།

    མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་མནའ་འབྲེལ་གྱི་སྒྲིག་ཡིག་དང་མནའ་འབྲེལ་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིར(2026ལོ་ནས་2028ལོ་བར)གྲོས་འཆམ་བྱུང་བ་དང་འབྲེལ། ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་ཉམས་མྱོང་མཚོན་པའི“ལག་ལེན་གྱི་མ་དཔེ”མཉམ་སྤྱོད་བྱས་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་བྱ་གཞག་དེ་རྒྱང་ལམ་གསར་པའི་ཕྱོགས་སུ་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད། མཉམ་ལས་སྟེགས་བུ་གསར་རྐྱང་དེར་བརྟེན་ནས་ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་ཉམས་མྱོང་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་མགྱོགས་མྱུར་འགྱུར་ནས་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་འཕེལ་རིམ་ལ་སྐུལ་འདེད་དང་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་དང་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྒུལ་ནུས་གསར་པ་བསྣན་ཡོད།

    དབུལ་ཕོངས་མེད་པར་བཟོ་རྒྱུ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་དོན་གཉེར་བྱ་ཡུལ་ཞིག་རེད་ལ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་བྱ་སྤྱོད་ཀྱི་ཁ་ཕྱོགས་དེ་བས་ཀྱང་རེད། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལོ་དང་པོ་དེའང་རེད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་དབུལ་ཕོངས་ཀྱི་གནས་ལས་ཐར་བར་བྱས་ཏེ། ཐུན་མོང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་ནས་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད་གདེང་ཚོད་བརྟན་པོ་མཁོ་འདོན་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།