བོད་ཀྱི་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་དམངས་ཕན་ཞབས་ཞུ་བསྒྲུབས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་གིས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་དུ་ཚན་རྩལ་ལ་བརྟེན་ནས་ཞིང་དར་ཞིང་ཕན་གྱི་ཞིང་ལས་ལག་རྩལ་གསོ་སྦྱོང་དང་བདེ་ཐང་གི་འོས་འགན་སྨན་བཅོས་ཀྱི་དམངས་ཕན་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། སྡེ་ཚན་མང་པོས་མཉམ་འགུལ་མཉམ་ལས་དང་གཅིག་འཐུས་རྣམ་པའི་སྙིང་ཉེ་བའི་ཞབས་འདེགས་ཞུས་པ་བརྒྱུད། ཞིང་ལས་ཚན་རྩལ་དང་། བདེ་ཐང་འགན་ལེན། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཞབས་ཞུ་བཅས་གཞི་རིམ་མང་ཚོགས་ཀྱི་ཉེ་འགྲམ་དུ་གནད་སྨིན་ཁྱབ་གདལ་བཏང་ནས་ས་མཐོའི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ཡོད།
ད་ཐེངས་ཀྱི་བྱེད་སྒོར་ནས་ཐོན་ཁུལ་གཙོ་བོའི་དཔྱིད་རྨོད་ཐོན་སྐྱེད་ཀྱི་དོན་དངོས་དང་ཞིང་འབྲོག་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམ་པོར་དམིགས་ཏེ་ཞིང་ལས་ཚན་ཞིབ་དང་། སྨན་བཅོས་བདེ་ཐང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་འགན་ལེན་བཅས་ཀྱི་སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས“ཞིང་ལས་ལག་རྩལ་གསོ་སྦྱོང་དང་། བདེ་ཐང་ཞབས་ཞུ། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་སྦྲེལ་མཐུད”བཅས་གཞི་གཅིག་ཅན་གྱི་དམངས་ཕན་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ཡོད། རིགས་གཅིག་མཁས་ཅན་གྱིས་ཆེད་དོན་སློབ་ཁྲིད་དང་། ཞིང་ནང་དུ་དངོས་སྤྱོད་མཛུབ་ཁྲིད། འོས་འགན་སྨན་བཅོས་བློ་འདྲི། ས་གནས་ས་ཐོག་གི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་འབྲེལ་མཐུད་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། ཐོན་སྐྱེད་ལག་རྩལ་གྱི་དཀའ་གནད་དང་། མང་ཚོགས་ཀྱི་རྒྱུན་གཏན་གྱི་བདེ་ཐང་འགོག་སྲུང་གི་ཞན་ཆ། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་འབྲེལ་མཐུད་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་གནད་སྨིན་ཐག་གཅོད་བྱས་ནས་སྤུས་ལེགས་ཀྱི་སྤྱི་པའི་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པ་དང་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་ཡོད།
བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པ་དང་ཞབས་ཞུའི་ལས་ཕྱོད་ཆེན་པོ་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་ནས་སོན་འདེབས་གསོ་དང་། ཚན་རིག་དང་མཐུན་པའི་ངང་ལུད་རྒྱག་པ། ཞིང་ནང་གཡོག་བྱེད། ནད་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་སོགས་དཔྱིད་རྨོད་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ཆེད་དོན་གསོ་སྦྱོང་བྱས་ཏེ“ངོ་ཐུག་གདོང་འཕྲད་ངང་འགྲེལ་བཤད་རྒྱག་པ་དང་། དམར་ཁྲིད་བྱེད་པ། གཅིག་གིས་གཅིག་ལ་ལན་འདེབས་པ”བཅས་ཀྱི་བྱ་ཐབས་སྤྱད་དེ་ཚན་རིག་དང་མཐུན་པའི་ངང་ནས་འདེབས་འཛུགས་བྱེད་པའི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། སྔོན་ཐོན་འདེབས་འཛུགས་ལག་རྩལ་ཁྱབ་གདལ་གཏོང་བ། སོན་བཟང་དང་བྱ་ཐབས་བཟང་པོ་དོན་འཁྱོལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ནས་ཀྱི་ཐོན་འབབ་བརྟན་ལ་ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་ཆེད་ཚན་རྩལ་གྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ས་མཐོའི་ཞིང་ལས་ངལ་རྩོལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ས་མཐོའི་རྒྱུན་མཐོང་ནད་གཞི་དང་ཐོན་མང་བའི་ནད་གཞི་འགོག་བཅོས་དང་ཐོལ་བྱུང་གནས་ཚུལ་འཕྲལ་སྡོམ་ཐག་གཅོད་སོགས་བདེ་ཐང་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་བྱས་པ་དང་ཆབས་ཅིག ས་གནས་ས་ཐོག་ཏུ་མང་ཚོགས་ལ་རིན་མེད་བརྟག་དཔྱད་དང་། བདེ་ཐང་ལྟ་ཞིབ་ཚད་ལེན། རང་གཤིས་ཅན་གྱི་སྨན་སྤྱོད་མཛུབ་ཁྲིད་སོགས་འོས་འགན་སྨན་བཅོས་ཞབས་འདེགས་ཞུས་ནས་ཞིང་འབྲོག་པའི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།
ད་ཐེངས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་སྤེལ་བའི་དམངས་ཕན་ཞབས་ཞུའི་བྱེད་སྒོ་ནི་བོད་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་པ་དེས་ཞིང་འབྲོག་པའི་ཚན་རིག་དང་མཐུན་པའི་འདེབས་གསོའི་ཆུ་ཚད་དང་བདེ་ཐང་འགན་ལེན་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་དང་། ནས་ཀྱི་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བར་རམ་འདེགས་བྱས་ཏེ་བོད་ཀྱི་འབྲུ་རིགས་བདེ་འཇགས་བརྟན་དུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།