ས་གནས་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།
སྔར་ལུས་གནད་དོན་བསལ། འཇོན་ཐང་ངོ་མ་བཏོན།
འདི་ག་ཚགས་པར་གྱི་གསར་འགོད་པས།
སྔར་ལུས་གནད་དོན་དཔོན་གསར་གྱིས་རྩིས་མི་ལེན་པའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་རེད། དུས་མཚམས་ཤིག་རིང་། ས་གནས་ཁག་གིས་བཅད་ཁ་ཆུང་ངུ་དང་། ཞིབ་ཕྲ་ཅན། དངོས་ཐོག་བདེན་འཚོལ། རིགས་དབྱེ་ཇུས་བསྟར་བཅས་མཐའ་འཁྱོངས་བྱས་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་གཙང་སེལ་བརྟན་པོ་བྱས་ནས་སྔར་ལུས“གནད་དོན་གྱི་གསལ་ཐོ”ཧུར་ཐག་བསལ་བས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་ཡོད།
ཕྱོགས་ཡོངས་ནས་འགོ་བཙུགས་ཏེ་དངོས་བཤེར་དང་དག་ཐེར་ཏན་ཏིག་བྱས་པ།
སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཀོང་ཏུང་ཀྲའོ་ཆིང་གྲོང་ཁྱེར་གྱིས་སྒྲིག་བཤེར་ལྟ་ཞིབ་དང་། སྐོར་གཟིགས་སྐོར་ཞིབ། རྩིས་བཤེར་ལྟ་སྐུལ་སོགས་ཀྱི་ཚུར་ལན་གནད་དོན་སྣ་ཚོགས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ཏེ། གཅིག་སྡུད་དག་ཐེར་བྱེད་ཐབས་བཏོན་ནས་ཡུན་རིང་ཐག་མ་ཆོད་པའི་གནད་དོན་ཁག་གཅིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད། དེའི་ནང“མེད་པ་གསུམ”གྱི་ཆུ་ཐོག་སྡོད་ཁང་གི་སྔར་ལུས་གནད་དོན་ལ་དམིགས་ནས་ཀོང་ཏུང་ཀྲའོ་ཆིང་གིས་ཚབ་བྱས་ནས་དོ་དམ་བྱེད་པའི་གྲོང་ཁྱེར“ཆུ་ཐོག་ཏུ་འཚོ་བ་སྐྱེལ་བ་ནས་སྐམ་སར་གཞིས་ཆགས་པའི་བར”གྱི་ཆེད་དོན་འགག་སྒྲོལ་བྱས་ཏེ། ལས་བྱེད་པ་དུད་ཚང་རེ་རེ་བཞིན་ལ་བསྐྱོད་དེ་སྲིད་ཇུས་ཤོད་པ་དང་དོགས་གནད་བསལ་བ་མ་ཟད། “ཆུ་ཐོག་གྲོང་ཚོ་རེར་བྱ་ཐབས་རེ”མཐའ་འཁྱོངས་ཀྱིས་སྡོད་ཁང་འགན་ལེན་དང་ལས་ཞུགས་རོགས་སྐྱོར་སོགས་སྤྱི་འདོམས་བྱས་ཏེ་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་བརྒྱུད་རིམ་ཧྲིལ་པོར་གཞོགས་འདེགས་བྱས་པ་རེད།
མི་རིང་བའི་གོང་། ཧུའུ་ནན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཅི་ཧྲོའུ་གྲོང་ཁྱེར་གྱི་ལྟེ་བུའི་མེ་ཏོག་ལྡུམ་ར་དངོས་སུ་སྒོ་ཕྱེ་བར་གྲོང་མིའི་བསྔགས་བརྗོད་ཐོབ་ཡོད། དུས་མཚམས་ཤིག་རིང་། ཅི་ཧྲོའུ་གྲོང་ཁྱེར་གྱིས་སྔར་ལུས་གནད་དོན་དཔོན་གསར་གྱིས་རྩིས་མི་ལེན་པའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཏེ། གྲོང་ཁྱེར་གྱི་གཤོང་ཚད་ཆེ་རུ་བཏང་བ་ལས་ལོ་མང་ལུས་པའི་ས་ཞིང་ཐར་ཐོར་མུའུ་2400ལྷག་ཙམ་ལ་དམིགས་ནས། མང་ཚོགས་ཀྱི་རེ་སྒུག་ཤེས་རྟོགས་བྱས་པ་བརྒྱུད་ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་གྱི་མེ་ཏོག་ལྡུམ་ར་དང་། སྔོ་ལྗང་སྤྱི་གླིང་། མཉམ་སྤྱོད་ཚལ་ཞིང་། སྐྱེ་ཁམས་ཤིང་འབྲས་ལྡུམ་ར་སོགས་སྤྱི་པའི་བར་མཐོངས་སྣ་ཚོགས་བཏོད་ཡོད་པ་རེད།
ཧྥུའུ་ཅན་ཡིའུ་ཤིས་རྫོང་གིས་གྲོང་ཁྱེར་འཛུགས་སྐྲུན་དང་། འགྲིམ་འགྲུལ། ཞིང་ལས་གྲོང་གསེབ་སོགས་ཁྱབ་ཁོངས་7ལ་དམིགས་ནས། “གཟའ་འཁོར་རེར་ལྟ་ཞིབ་ཐེངས་རེ་དང་། ཟླ་རེར་ཞིབ་འཇུག་བརྡར་གཅོད་ཐེངས་རེ། དུས་ཚིགས་རེར་གྲོས་མོལ་ཐེངས་རེ”བཅས་ཀྱི་ལམ་སྲོལ་བཙུགས་ཏེ་སྔར་ལུས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད། ཡིའུ་ཤིས་རྫོང་ཁོངས་ཀྱི་རྒྱལ་མཚམས་སྒྲོལ་བའི་འགྲོ་ལམ་འཕྲེད་ཐིག་ལྔ(གྲོང་ལྷོ་གླིང་ནས་ཡུས་ཁྲེ་དུམ་བུ་བར)ལ་མ་དངུལ་དང་གན་རྒྱའི་རྩོད་གཞི་སོགས་ཀྱི་གནད་དོན་གྱིས་རྐྱེན་པས་ལས་མཚམས་བཞག་ནས་ལོ་མང་སོང་བས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་སར་གྱུར་ཡོད། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཉིན་ལྟར་བཀོད་གཏོང་བྱས་ནས་འགན་འཁྲི་འཁུར་བ་དང་རང་འགན་ཐེག་པ་ཁུར་ལེན་བྱས་ཤིང་། མིག་སྔར་འཕྲེད་ཐིག་ལྔའི་རྩིས་སྤྲོད་རྩིས་ལེན་གྱི་ཐོག་མའི་ཞིབ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་ཟླ་འདིའི་ནང་ཚུན་དུ་ལེགས་གྲུབ་ཟིན་རྒྱུ་རེད།
སྒྲིག་སྲོལ་ལམ་ལུགས་བཟོས་ནས་སྟོན་ཕྱོགས་བཙུགས་པ།
ཁུལ་ཆུང་བཅོས་སྐྱོང་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་སོགས་ཀྱི་གནད་དོན“དམངས་འཚོའི་རྩིས་ཁྲའི”ནང་བཅུག་པ་དང་། ཨར་མཇུག་མ་འཁྱོལ་བའི་ལས་གྲྭ་དང་རྒྱུ་ནོར་བེད་མེད་དུ་ལུས་པ་སོགས་ཀྱི་གནད་དོན“རྣམ་གྲངས་ཀྱི་རྩིས་ཁྲའི”ནང་བཅུག་པ། འཆར་འགོད་ཚན་རིག་དང་མི་མཐུན་པ་དང་ཐོན་ལས་རོགས་སྐྱོར་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན“སྲིད་ཇུས་ཀྱི་རྩིས་ཁྲའི”ནང་བཅུག་པ་སོགས། སི་ཁྲོན་ཏ་དབྱི་རྫོང་གིས་རིགས་དབྱེ་སྟེ་རྩིས་ཁྲ་རིགས་5བཟོས་ནས་གནད་དོན་གྱི་རྒྱུ་རྐྱེན་དང་། འགན་འཁྲིའི་བྱེད་པོ། ཐག་གཅོད་དུས་བཀག་བཅས་ཁ་གསལ་བཟོས་ཏེ་རིགས་དབྱེ་ཇུས་བསྟར་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ཏ་དབྱི་རྫོང་གིས་འགོ་ཁྲིད་ལས་བྱེད་པ་ལས་བསྒྱུར་བྱེད་སྐབས་ཀྱི་རྩིས་སྤྲོད་རྩིས་ལེན་ལམ་ལུགས་བཟོས་ནས་གཙོ་གནད་ལས་འགན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་སོགས་རིགས་4ཡི་རྩིས་སྤྲོད་རྩིས་ལེན་གྱི་དོན་ཚན་25ཞིབ་ཚགས་སུ་བཏང་བ་མ་ཟད། ཞིབ་བཤེར་གྱི་འགག་སྒོ་ནན་པོ་སྲུང་བ་དང་། ས་གནས་ས་ཐོག་ཏུ་རྩིས་སྤྲོད་རྩིས་ལེན་བྱེད་པ། ཡིག་ཚགས་ནང་འཇུག་པ་བཅས་འཁོར་སྦྲེལ་ཧྲིལ་པོའི་རྩིས་སྤྲོད་རྩིས་ལེན་གྱི་བརྒྱུད་རིམ་བཟོས་ནས། སྔར་ལུས་གནད་དོན་དཔོན་གསར་གྱིས་རྩིས་མི་ལེན་པའི་གནད་དོན་བཅོས་སྒྲིག་ཡག་པོ་བྱས་ཡོད་པ་རེད།
ཧྲན་ཏུང་ཅི་ཉིང་གྲོང་ཁྱེར་གྱིས་གྲོང་ཁྱེར་དོ་དམ་གྱི་འགོ་ཁྲིད་ལས་བྱེད་པ་རྒན་པ་ལས་བསྒྱུར་བྱེད་སྐབས་རྩིས་སྤྲོད་རྩིས་ལེན་གྱི་ལས་ཀའི་བྱ་ཐབས་འཚོལ་ཞིབ་བྱས་ནས་བཟོས་པ་དང་། འགན་འཁྲི་གཙོ་གནད་སྒྲུབ་ཚུལ་དང་། དཔལ་འབྱོར་གྱི་འགན་འཁྲི། ཉེན་ཁའི་མཐའ་ཚད། དཔུང་ཁག་འཛུགས་སྐྱོང་། སྒྲུབ་གཉེར་མ་ཚར་བའི་དོན་དག་བཅས་ཕྱོགས་5ཡི་ཐད་ནས་རྩིས་སྤྲོད་རྩིས་ལེན་གྱི་ཞིབ་ཕྲའི་རྩིས་ཐོ་དང་ཚད་ལྡན་བླང་བྱ་ཁག་20ལྷག་ཙམ་ཞིབ་ཚགས་དང་ཁ་གསལ་བཟོས་ཏེ་ལས་དོན་ཁག་ལ་རྒྱུན་མཐུད་སྐུལ་འདེད་དང་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་རྗེས་དཔྱད་ཞིབ་མ་ལག་ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་དཔྱད་ཞིབ་བྱེད་ཐབས་བཏོན་ཏེ་གཙོ་གནད་ཐོག་ལས་རྗེས་ལ་ལྟ་བ་དང་། འགྱུར་ལྡོག་ལ་ལྟ་བ། ལེགས་སྐྱེས་ལ་ལྟ་བ་བཅས་བྱས་ནས་དུས་ཡུན་རིང་པོའི་དོ་དམ་ལག་ལེན་བསྟར་ཏེ་ཏང་ཡོན་ལས་བྱེད་པར་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་པར་ཁྲིད་སྟོན་བྱས་ཡོད་པ་རེད།
ཁྲུང་ཆིང་ཧོ་ཁྲོན་ཆུས་ཀྱིས་སྲིད་དོན་ལས་རྗེས་ཀྱི་དཔྱད་ཞིབ་ལེགས་སུ་བཏང་སྟེ། “རྩིས་ཐོ་རྙིང་པ་གཙང་བཤེར་ཐག་གཅོད་བྱེད་པའི”ཕན་འབྲས་དེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལེགས་འདེམས་ལ་བརྡར་ཤ་གཅོད་པའི་དཔྱད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས“རྩིས་ཐོ་རྙིང་པ”རང་འགན་གཞན་དཀྲི་བྱས་པའི་རྐྱེན་གྱིས་སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཚབས་ཆེན་ཐོན་རིགས་ལ་སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས་ལག་ལེན་བསྟར་ཡོད་པ་རེད། ཐབས་ཇུས་གལ་ཆེན་དང་། ཚོང་འགུགས་གྲོས་མཐུན། དམངས་འཚོའི་ཁས་ལེན་སོགས་ཀྱི་དོན་ཚན་ལ“དོན་ཚན་གཅིག་ལ་ཨང་སྒྲིག་གཅིག”གི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལག་བསྟར་བྱས་ཏེ་ལས་བྱེད་པ་བརྗེ་རེས་ཇི་ལྟར་བྱས་རུང་ཚང་མ་མི་སྒེར་དང་འགན་འཁྲིའི་བྱེད་པོ་ཚང་མར་ཁུངས་འདེད་བྱེད་ཀྱི་ཡོད་པ་རེད།
གཞི་བརྟན་ཡར་འཕེལ་ཡོང་བར་བྱས་ནས་འགན་འཁྲི་ནན་དུ་བཏང་བ།
ནང་སོག་ཨེར་ཏོ་སི་གྲོང་ཁྱེར་གྱིས་བསམ་བློའི་འབྱུང་རྩ་ནས་འགོ་བཙུགས་ཏེ་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དཔྱད་གཞིར་བྱས་ཏེ་ཏང་ཡོན་ལས་བྱེད་པའི་སྲིད་དོན་ལས་རྗེས་ལྟ་བའི་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཁྲེང་ཁྲོན་ལས་བྱེད་པའི་སློབ་གླིང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞིར་བརྟེན་ནས་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་ཏེ་གསར་བརྗེའི་ས་བོན་རྒྱུན་འཛིན་དང་དམངས་ཀྱི་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་བ། གྲོང་ཁྱེར་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་འཚོགས་ནས་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་གཏོང་བ་དང་། སྲིད་དོན་ལས་རྗེས་ལྟ་བའི་ནོར་འཁྲུལ་གྱི་གནད་འགག་མཚོན་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཉེ་འགྲམ་གྱི་གནད་དོན་ལ་བརྟེན་ནས་ཉེ་འགྲམ་གྱི་མི་རྣམས་ལ་སློབ་གསོ་གཏོང་བ་བཅས་བྱས་ཏེ། ལས་བྱེད་པ་ཚོས་ཉེན་ཁ་ཚོར་བ་དང་མཐའ་ཚད་ཤེས་པར་བྱས་པ་དང་ཆབས་ཅིག སྔར་ལུས་གནད་དོན་དཔོན་གསར་གྱིས་རྩིས་མི་ལེན་པའི་མངོན་གསལ་དོད་པའི་གནད་དོན་རེ་རེ་བཞིན་གསེད་བཀྲོལ་བྱེད་པ་དང་། གཙོ་གནད་ལས་འགན་གྱི་གསལ་ཐོ་བཟོ་བ། འགན་འཁྲི་འཁུར་མཁན་དང་ལེགས་སྒྲུབ་དུས་ཚད་ཁ་གསལ་བཟོ་བ་བཅས་བྱས་ཏེ“རང་འགུལ་ངང་དོ་དམ་བྱེད་པའི”འགན་འཁྲི་ལ་བརྟེན་ནས་གཅིག་སྡུད་བཅོས་སྒྲིག་ལ་ཕན་འབྲས་དངོས་ཐོན་པར་བྱས་ཡོད།
“རྩིས་རྙིང་དཔོན་གསར་གྱིས་ལེན་པའི”འགག་རྩ་ནི་འགན་འཁྲི་འཁུར་བའི་སྙིང་སྟོབས་ལྡན་དགོས། ཧེ་ལུང་ཅང་པོ་ལི་རྫོང་གིས་བསམ་བློའི་འབྱུང་རྩ་ནས་གནད་དོན་སེལ་རྒྱུར་སྣང་ཆེན་བྱས་ཏེ་ཕྱོགས་སྟོན་མངོན་གསལ་དོད་པོར་བརྟེན་ནས་ལྡོག་ཕྱོགས་ཡོ་བསྲང་གིས་དྲང་ཕྱོགས་དར་སྤེལ་བཏང་ནས་ལས་བྱེད་པས“ལམ་སྐོར་ནས་རྩིས་གཡོལ་བ”ནས“རང་འགུལ་ངང་རྩིས་གཙང་རྒྱག་པའི”ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་བ་རེད།
དེ་སྔའི་ལས་བྱེད་པ་འགའ་ཤས་ལ་གནས་པའི“ལས་ཐོག་སྔ་མའི་རྣམ་གྲངས་དང་རྗེས་མའི་ཁུར་པོའི”ནོར་འཁྲུལ་ངོས་འཛིན་ལ་དམིགས་ནས། རྫོང་ཨུད་ཀྱིས“འཕེལ་རྒྱས་ལ་གསར་རྙིང་མི་དབྱེ་བ་དང་། འགན་འཁྲིར་སྔ་རྗེས་མི་དབྱེ་བ”ཁ་གསལ་བཏོན་ནས། གསོག་ཐེབས་ཕན་སྒྱུར་རྒྱུ་ནོར་དང་ལོ་རྒྱུས་ཀྱི་དཀའ་གནད་སེལ་རྒྱུ་དེ་ལས་བྱེད་པའི་གྲུབ་འབྲས་དངོས་ཀྱི་དཔྱད་ཞིབ་ནང་བཅུག་སྟེ། རིམ་ཁག་ལས་བྱེད་པར་མིག་རྒྱང་ཐུང་བའི་ཁེ་ཕན་གྱི་བསམ་བློ་དོར་ནས་འཕེལ་རྒྱས་ཀྱི་འགན་འཁྲི་མུ་མཐུད་འཁུར་དུ་འཇུག་རྒྱུ་ཡིན་པ་རེད།
ཀྲེ་ཅང་ཅིན་ཡུན་རྫོང་གིས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་ལི་ཅིན་ཐའེ་དབུན་མཐའ་མཚམས་གསར་བརྗེའི་དྲན་གསོ་ཁང་དང“དད་མོས་ཀྱི་དྲི་བ”སོགས་སློབ་གསོའི་རྟེན་གཞིར་བརྟེན་ནས་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་གྱི་སྟོབས་ཤུགས་བསྡུ་ལེན་དང་དངོས་སྒྲུབ་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་པ་དང་། ཆེད་དོན་སློབ་སྦྱོང་ཚོགས་འདུ་དང་དཔེ་ཀློག་འཛིན་གྲྭ་སོགས་ཀྱི་གཞི་རྟེན་བརྒྱུད་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེར་གཅིག་སྡུད་ཀྱིས་ཞིབ་དཔྱད་དང་དབྱེ་ཞིབ་བྱས་ཏེ་ཏང་ཡོན་ལས་བྱེད་པར་རང་རྟོགས་ཀྱིས“རྩིས་རྙིང་ཁས་མི་ལེན་པའི”ནོར་འཁྲུལ་གྱི་ངོས་འཛིན་དོར་དགོས་པའི་ཉེན་བརྡ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།