སྡེ་ཚན་4ཡིས་བརྡ་ཐོ་བཀྲམ་ནས་ལས་གཏོད་རྣམ་པའི་སྣེ་ཁྲིད་བྱ་སྤྱོད་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ།
ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱིས《ལས་གཏོད་རྣམ་པའི་སྣེ་ཁྲིད་བྱ་སྤྱོད་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
བརྡ་ཐོའི་ནང་བཏོན་དོན། “ཚན་རྩལ་གྲུབ་འབྲས་དང་ལས་གཏོད་ཟུང་དུ་འབྲེལ་བའི”རྣམ་པའི་སྣེ་ཁྲིད་ལ་སྐུལ་འདེད་གཏོང་དགོས་ཤིང་། ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་པ་ཤེས་རྟོགས་དང་། གསོ་སྐྱོང་། བེད་སྤྱོད། འགན་སྲུང་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚན་རྩལ་ཤེས་ལྡན་པའི་ལས་གཏོད་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། ཚན་རྩལ་ཤེས་ལྡན་པའི་ལས་གཏོད་ཀྱི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ཚན་ཞིབ་མི་སྣས་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གཞན་སྒྱུར་གྱི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི“མཐའ་མའི་འགག་གནད”སེལ་བ་དང་། རྒྱུན་རྣམ་ཅན་གྱི་ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་རིག་ནུས་མཁོ་སྤྲོད་སྦྲེལ་མཐུད་ལམ་སྲོལ་འཛུགས་པ། ཆེད་ལས་ཅན་གྱི་ལག་རྩལ་སྤྱི་གཉེར་བའི་དཔུང་ཁག་གསོ་སྐྱོང་བཅས་བྱས་ནས་སྤྱོད་གོ་ཆོད་པའི་ཚན་རྩལ་གྱི་གྲུབ་འབྲས་སྦྲེལ་མཐུད་མགྱོགས་མྱུར་ཐུབ་པར་བྱེད་དགོས།
“ཐོན་ལས་འཕེལ་རྒྱས་དང་ལས་གཏོད་ཟུང་དུ་འབྲེལ་བའི”རྣམ་པའི་སྣེ་ཁྲིད་ལ་སྐུལ་འདེད་གཏོང་དགོས་ཤིང་། སྤུས་ལེགས་ཁེ་ལས་འབྲིང་ཆུང་སྐས་རིམ་གསོ་སྐྱོང་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་ལེགས་ཁེ་ལས་སྐས་རིམ་གསོ་སྐྱོང་མ་ལག་བསྐྲུན་ནས། ལས་གཏོད་ལ་གསར་གཏོད་སྐུལ་ཁྲིད་བྱེད་པའི་རྐང་འཛིན་ཁེ་ལས་ཀྱི་ནུས་པ་ཤུགས་ཆེན་འདོན་དགོས། གྲོང་གསེབ་ཀྱི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་གྲོང་གསེབ་ཀྱིས་ལེ་ལག་ཚང་བའི་ཐོན་ལས་དང་ཁྱད་ལྡན་ཡུལ་ཕྱོགས་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ཕ་ཡུལ་དུ་ལོག་པ་དང་སྐྱོད་མཁན་སྣ་ཚོགས་ལ་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་གཉེར་བ་དང་གཏོད་པར་སྐུལ་ལྕག་བྱེད་དགོས།
“ལས་རིགས་ཀྱི་རྩལ་ནུས་དང་ལས་གཏོད་ཟུང་དུ་འབྲེལ་བའི”རྣམ་པའི་སྣེ་ཁྲིད་ལ་སྐུལ་འདེད་གཏོང་དགོས་ཤིང་། རྩལ་ནུས་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། “མ་ལན་ཧྭ”ཡི་ལས་གཏོད་གསོ་སྦྱོང་རྣམ་པ་ལེགས་སུ་བཏང་ནས་ངལ་རྩོལ་པས་ལས་རིགས་ཀྱི་རྩལ་ནུས་དེ་ཉིད་ལས་གཏོད་ཀྱི་རྩལ་ནུས་ལ་འགྱུར་བར་ཁྲིད་སྟོན་བྱེད་དགོས། སྐས་རིམ་ཅན་གྱི་ལས་གཏོད་འཇོན་ཐང་ཆེར་གཏོང་གི་བྱེད་སྒོ་སྤེལ་ནས་རྩལ་ནུས་ལས་གཏོད་ཀྱི་སྣེ་ཁྲིད་པ་ཁག་གཅིག་གསོ་སྐྱོང་བྱེད་དགོས། རྩལ་ནུས་ལས་གཏོད་ཀྱི་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་དང་གཏོད་པ་དང་། རྩལ་ནུས་རྣམ་པའི་ངལ་ལས་སྤུས་རྟགས་སྔོག་འདོན་སྐྱེད་སྲིང་བྱེད་པ་དང་འབྲེལ་ཚད་ལྡན་ཅན་གྱི་གསོ་སྦྱོང་བྱས་ནས། ངལ་ལས་སྤུས་རྟགས་ཀྱི་ལས་གཏོད་ལེགས་སྒྲུབ་བྱུང་ཚད་མཐོ་རུ་གཏོང་དགོས།
“དམངས་འཚོའི་དགོས་མཁོ་དང་ལས་གཏོད་ཟུང་དུ་འབྲེལ་བའི”རྣམ་པའི་སྣེ་ཁྲིད་ལ་སྐུལ་འདེད་གཏོང་དགོས་ཤིང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ལས་གཏོད་རྣམ་གྲངས་སྔོག་འདོན་ཤུགས་ཆེན་བྱེད་པ་དང་། གྲོང་མིའི་འཛད་སྤྱོད་དགོས་མཁོར་དམིགས་ནས་རང་གཤིས་ཅན་གྱི་ཁྱད་ལྡན་ལས་གཏོད་རྣམ་གྲངས་གསར་སྤེལ་བྱེད་དགོས། རིམ་པ་མང་བའི་དམངས་ཕན་ཞབས་ཞུ་དང་འཛད་སྤྱོད་ལས་གཏོད་ཀྱི་རྣམ་པ་གསར་པ་བཏོད་དེ་ལས་གཏོད་མཐུན་འཕྲོད་ཀྱི་སྐྱེ་ཁམས་འཁོར་རྒྱ་སྐྲུན་དགོས། དམངས་འཚོའི་དགོས་མཁོའི་ལས་གཏོད་རྣམ་གྲངས་ཀྱི་རྗེས་སྙེག་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་སྐྱོང་གསོའི་རྣམ་གྲངས་མཛོད་འཛུགས་དགོས།
འབྲེལ་ཡོད་གསར་འགྱུར།