དབུ་ཤོག
  • ཞིང་ཆེན་གཞན་དུ་སྨན་བཅོས་འགན་བཅོལ་མཉམ་སྤྱོད་ཐུབ་པ་ལས་ཐོ་ཁོངས་ཀྱི་སྒེར་དངུལ“ཁྱིམ་ཚང་གི་བདེ་ཐང་མ་དངུལ”དུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  སུན་ཤིའུ་གཡན།   |     སྤེལ་དུས།  2026-06-14

    ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་ནོར་སྲིད་པུས《ཞིང་ཆེན་གཞན་དུ་ལས་བཟོ་མི་སྒེར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོ་ཁོངས་མཉམ་སྤྱོད་དང་ལག་འགྲིམ་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》བཀྲམ་པའི་ནང་། ཞིང་ཆེན་གཞན་དུ་མཉམ་སྤྱོད་སྤྱོད་སྟངས་ཐད་ཀྱི་ཆ་འཕྲིན་མང་པོ་ཚུད་པ་དེ་ཐོག་ནས་ཞིང་ཆེན་གཞན་དུ་མཉམ་སྤྱོད་ཁྱོན་ཡོངས་ལ་ཁྱབ་པའི་གོམ་སྟབས་མགྱོགས་སུ་འགྲོ་བཞིན་པ་མཚོན་ཡོད། ཞིང་ཆེན་གཞན་དུ་མཉམ་སྤྱོད་བྱེད་རུང་བའི་མི་སྣ་གང་དག་ཡོད་དམ། མཉམ་སྤྱོད་ཀྱི་འབྲེལ་བ་ཇི་ལྟར་འཛུགས་པ་དང་མེད་པ་བཟོ་དགོས་སམ། མཉམ་སྤྱོད་དངུལ་འབོར་ཇི་ལྟར་སྤྱོད་དགོས་སམ། གནད་དོན་འདི་ཚོར་དམིགས་ནས་གསར་འགོད་པས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་ཞུས་པ་ཡིན།

    དྲི་བ། ཅི་ཞིག་ལ་ཞིང་ཆེན་གཞན་དུ་མཉམ་སྤྱོད་ཟེར་རམ། སྤྱོད་རུང་བའི་ཁོངས་སུ་མི་གང་དག་ཚུད་ཡོད་དམ།

    ལན། ཞིང་ཆེན་གཞན་དུ་ལས་བཟོ་མི་སྒེར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐོ་ཁོངས་མཉམ་སྤྱོད་ཅེས་པ་ནི་རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་ལས་སྟེགས་སུ་མི་སྒེར་གྱི་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་བཟོས་ནས་མཉམ་སྤྱོད་དངུལ་འབོར་གཏན་འཁེལ་བྱས་རྗེས། གཉེན་ཚན་ཉེ་གྲས་ཀྱིས་དམིགས་འཛུགས་ཀྱི་གསོ་རིག་སྨན་རྫས་སྒྲིག་གཞིར་སྨན་བཅོས་བྱེད་པ་དང་སྨན་ཉོ་བར་སྤྲོད་དགོས་པའི་མི་སྒེར་གྱི་གྲོན་དངུལ་རྣམས་ལས་བཟོ་མི་སྒེར་གྱི་ཐོ་ཁོངས་མ་དངུལ་ནས་གཏན་འབེབས་ལྟར་སྤྲོད་ཆོག་པ་དང་། ད་དུང་འགན་བཅོལ་ལ་ཞུགས་པའི་འགན་བཅོལ་དངུལ་ཡང་འཇལ་ཆོག་པར་ཟེར།

    ཞིང་ཆེན་གཞན་དུ་མཉམ་སྤྱོད་དངུལ་འབོར་སྤྱོད་ཆོག་པའི་ཁོངས་སུ་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་གྱི་གཉེན་ཚན་ཉེ་གྲས་ཡིན་དགོས་པ་དང་། མཉམ་སྤྱོད་བྱ་ཡུལ་ནི་གཞི་རྩའི་སྨན་བཅོས་འགན་བཅོལ(ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཚུད་པ)ལ་ཞུགས་མཁན་ཡིན་དགོས། གཉེན་ཚན་ཉེ་གྲས་ཀྱི་ཁོངས་སུ་བཟའ་ཟླ་དང་། ཕ་མ། བུ་ཕྲུག གཅེན་གཅུང་མིང་སྲིང་། ཕ་རྒྱུད་སྤོ་བོ་རྨོ་བོ། མ་རྒྱུད་སྤོ་བོ་རྨོ་བོ། བུ་རབས་ཚ་རྒྱུད་བཅས་ཚུད་ཡོད།

    དྲི་བ། མཉམ་སྤྱོད་ཀྱི་འབྲེལ་བ་ཇི་ལྟར་འཛུགས་པའམ་མེད་པར་བཟོ་དགོས་སམ།

    ལན། འགན་བཅོལ་ལ་ཞུགས་མཁན་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱི་ཉེར་སྤྱོད་བྱ་རིམ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས། འགན་བཅོལ་ལ་ཞུགས་སའི་སྨན་བཅོས་འགན་བཅོལ་ལག་འགྲིམ་སྒྲིག་གཞིའི་སྐར་ཁུང་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་མཉམ་སྤྱོད་ཀྱི་འབྲེལ་བ་འཛུགས་པའམ་ཡང་ན་མེད་པར་བཟོ་ཆོག མཉམ་སྤྱོད་འབྲེལ་བ་འཛུགས་སྐབས་མཉམ་སྤྱོད་བྱེད་མཁན་གྱིས་ཁས་ལེན་ཡི་གེར་མིང་རྟགས་འགོད་དགོས་པ་དང་ཁས་ལེན་བྱས་པའི་དོན་ཚན་གྱི་དོན་དངོས་རང་བཞིན་དང་ཡང་དག་རང་བཞིན་ལ་འགན་འཁུར་དགོས། མཉམ་སྤྱོད་བྱེད་མཁན་གྱིས་གཉེན་ཚན་ཉེ་གྲས་མང་པོ་དང་མཉམ་སྤྱོད་འབྲེལ་བ་འཛུགས་ཆོག་ལ་མཉམ་སྤྱོད་བྱ་ཡུལ་གཅིག་གིས་ཀྱང་གཉེན་ཚན་ཉེ་གྲས་མང་པོའི་མཉམ་སྤྱོད་དང་ལེན་བྱེད་ཆོག མཉམ་སྤྱོད་འབྲེལ་བ་འཛུགས་རིང་། མཉམ་སྤྱོད་བྱེད་མཁན་དང་མཉམ་སྤྱོད་བྱ་ཡུལ་གཉིས་ཀས་འབྲེལ་བ་མེད་པར་བཟོ་ཆོག མཉམ་སྤྱོད་བྱེད་མཁན་ནམ་ཡང་ན་མཉམ་སྤྱོད་བྱ་ཡུལ་སྨན་བཅོས་འགན་བཅོལ་ནས་དོན་པའམ་ཡང་ན་སྤྱི་འདོམས་ས་ཁུལ་ལས་བརྒལ་ནས་གནས་སྤོ་བྱས་ཚེ་མཉམ་སྤྱོད་འབྲེལ་བ་རང་བཞིན་གྱིས་མེད་པ་ཆགས་ཀྱི་ཡོད།

    དྲི་བ། མཉམ་སྤྱོད་དངུལ་འབོར་དོ་དམ་ཐད་གཏན་འབེབས་གང་དག་ཡོད་དམ། མཉམ་སྤྱོད་འབྲེལ་བ་མེད་པར་བཟོས་རྗེས་བེད་སྤྱོད་བྱས་མེད་པའི་དངུལ་འབོར་ཕྱིར་བསློགས་ཐུབ་བམ།

    ལན། མི་སྒེར་གྱི་སྨན་བཅོས་འགན་བཅོལ་དངུལ་ཁུག་ལ་རྟོག་བཟོའི་དངུལ་འབོར་སྤྱོད་ཀྱི་ཡོད། མཉམ་སྤྱོད་བྱེད་མཁན་གྱིས་སྨན་བཅོས་འགན་བཅོལ་དངུལ་ཁུག་ནས་མཉམ་སྤྱོད་བྱ་ཡུལ་ལ་མཉམ་སྤྱོད་དངུལ་འབོར་བཟོས་ན་མཉམ་སྤྱོད་བྱེད་མཁན་གྱིས་མི་སྒེར་གྱི་ཐོ་ཁོངས་ནས་དངུལ་འབོར་དེ་སྤྱོད་མི་ཐུབ། མཉམ་སྤྱོད་བྱ་ཡུལ་གྱིས་རང་ཉིད་ལ་ཐོབ་པའི་མཉམ་སྤྱོད་དངུལ་འབོར་དེ་ཡང་བསྐྱར་མི་གཞན་ལ་མཉམ་སྤྱོད་བྱས་མི་ཆོག མཉམ་སྤྱོད་བྱ་ཡུལ་རང་ཉིད་ཀྱི་གཏན་འབེབས་དང་མཐུན་པའི་གྲོན་དངུལ་དེ་མཉམ་སྤྱོད་དངུལ་འབོར་ནས་རྩིས་རྒྱག་ཆོག

    དངོས་ཡོད་གནས་ཚུལ་ལ་གཞིགས་ནས་མཉམ་སྤྱོད་དངུལ་འབོར་ལ་རྒྱལ་ཡོངས་ནས་གཅིག་གྱུར་དོ་དམ་བྱེད་ཀྱི་མེད། ཞིང་ཆེན་ཁག་གིས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་མཉམ་སྤྱོད་གྲངས་འབོར་ཕར་ཚུར་སྒྱུར་ཐེངས་དང་གྲངས་བཅད་བཟོས་ནས་ཐེབས་རྩའི་དོ་དམ་ཚད་ལྡན་དུ་གཏོང་ཆོག ཞིང་ཆེན་ཁག་གིས་མི་སྒེར་གྱི་ཐོ་ཁོངས་དང་སྨན་བཅོས་འགན་བཅོལ་དངུལ་ཁུག་གི་གཏོང་སྤྲོད་གོ་རིམ་ཁ་གསལ་བཟོ་དགོས། མཉམ་སྤྱོད་བྱ་ཡུལ་གྱིས་སྨན་བཅོས་འགན་བཅོལ་དངུལ་ཁུག་གི་དངུལ་འབོར་སྤྱོད་སྐབས་མཉམ་སྤྱོད་དངུལ་འབོར་ལ་གཞིགས་ནས་སྔ་རྗེས་ཀྱི་གོ་རིམ་བཟོས་ཏེ་སྤྱོད་ཆོག

    རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱི་ཉེར་སྤྱོད་བྱ་རིམ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས། དེ་བཞིན་སྨན་བཅོས་འགན་བཅོལ་ལག་འགྲིམ་སྒྲིག་གཞིའི་སྐར་ཁུང་སོགས་ཀྱི་ཐབས་ལམ་བརྒྱུད་མཉམ་སྤྱོད་འབྲེལ་བ་མེད་པར་བཟོ་སྐབས། མཉམ་སྤྱོད་བྱ་ཡུལ་གྱིས་ད་དུང་བེད་སྤྱོད་བྱས་མེད་པའི་མཉམ་སྤྱོད་དངུལ་འབོར་དེ་རང་བཞིན་གྱིས་མཉམ་སྤྱོད་བྱེད་མཁན་མི་སྒེར་གྱི་ཐོ་ཁོངས་སུ་སློག་གི་ཡོད། མཉམ་སྤྱོད་འབྲེལ་བ་མེད་པར་བཟོས་རྗེས། མཉམ་སྤྱོད་བྱ་ཡུལ་ལ་གྲོན་དངུལ་ཕྱིར་སློག་བྱས་ཡོད་ན་བེད་སྤྱོད་བྱས་མེད་པའི་མཉམ་སྤྱོད་དངུལ་འབོར་དེ་ཐོག་མའི་ཐོ་ཁོངས་སུ་བསློག་རྒྱུ་དང་། མཉམ་སྤྱོད་བྱེད་མཁན་གྱི་འགན་བཅོལ་འབྲེལ་བར་འགྱུར་ལྡོག་བྱུང་བའི(དཔེར་ན་གནས་སྤོ་རྒྱུན་མཐུད་དང་། འགན་བཅོལ་ལ་ཞུགས་མཚམས་བཞག་པ། ཐེངས་གཅིག་ལ་ལེན་པ་སོགས)དབང་གིས་མཉམ་སྤྱོད་བྱེད་མཁན་མི་སྒེར་གྱི་ཐོ་ཁོངས་སུ་ཕྱིར་སློག་ཐབས་བྲལ་བའི་རིགས་ལ་མཉམ་སྤྱོད་བྱེད་མཁན་གྱིས་མཉམ་སྤྱོད་འབྲེལ་བ་འཛུགས་དུས་འགན་བཅོལ་ལ་ཞུགས་སའི་ས་ཆའི་གཏན་འབེབས་ལྟར་ཐག་གཅོད་བྱེད་ཀྱི་ཡོད།

    དྲི་བ། མཉམ་སྤྱོད་དངུལ་འབོར་གང་དག་ལ་སྤྱོད་ཆོག་གམ།

    ལན། མཉམ་སྤྱོད་བྱ་ཡུལ་གྱིས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱས་པའི་མི་སྒེར་གྱིས་སྤྲོད་འགན་འཁུར་དགོས་པའི་སྨན་རིན་དང་། དམིགས་འཛུགས་སིལ་ཚོང་སྨན་རྫས་ཚོང་ཁང་ནས་གཏན་འབེབས་དང་མཐུན་པའི་སྨན་རྫས་དང་། སྨན་བཅོས་ཡོ་བྱད། སྨན་སྤྱོད་རྫས་གྲོན་བཅས་ཉོས་ནས་མི་སྒེར་གྱིས་སྤྲོད་འགན་འཁུར་དགོས་པའི་སྨན་རིན་མཉམ་སྤྱོད་དངུལ་འབོར་ནས་སྤྲོད་ཆོག མཉམ་སྤྱོད་བྱ་ཡུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཡུན་རིང་ནད་གཡོག་འགན་བཅོལ་ལ་ཞུགས་སྐབས་མི་སྒེར་གྱིས་འཇལ་དགོས་པའི་གྲོན་དངུལ་དག་མཉམ་སྤྱོད་དངུལ་འབོར་ནས་འཇལ་ཆོག་པ་མ་ཟད། ངེས་པར་དུ་གྲངས་ཚང་ངང་འཇལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།