རྒྱལ་ཡོངས་ཀྱི་རྫོང་རིམ་པའི་སྨན་ཁང་98%ལ་མིག་ནད་ཚན་ཁག་བཙུགས་ཡོད་པ།
ཉིན་ཤས་གོང་། པེ་ཅིང་དུ་2026ལོའི་རྒྱལ་དམངས་ཀྱི་མཐོང་ཚོར་བདེ་ཐང་གི་ཚན་རིག་ཁྱབ་གདལ་བྱ་སྤྱོད་སྤེལ་འགོ་ཚུགས་ཡོད་པ་དང་། ད་ཐེངས་ཀྱི་བྱེད་སྒོར“ཚན་རྩལ་གྱིས་བདེ་ཐང་སྲུང་སྐྱོང་བྱས་ནས་མཐོང་ལམ་གསལ་དུ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཚན་རྩལ་གྱིས་མིག་གི་བདེ་ཐང་ལ་མཐུན་རྐྱེན་སྦྱོར་བའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་མི་ཚང་མའི་མི་ཚེ་གང་པོའི་མཐོང་ཚོར་གྱི་བདེ་ཐང་སྲུང་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱེད་པའི་ཆེད་དུ་ཡིན་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་མིག་གི་བདེ་ཐང་ཞབས་ཞུའི་མ་ལག་རྒྱུན་མཐུད་ནས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། རྒྱལ་ཡོངས་ཀྱི་རྫོང་རིམ་པའི་སྨན་ཁང་98%ལ་མིག་ནད་ཚན་ཁག་བཙུགས་ཡོད་པ་ལས་80%གཞི་རྩའི་ཆ་ནས་ཚད་ལྡན་གྱི་ཞབས་ཞུ་སྒྲུབ་ནུས་པའི་ཚད་དུ་སླེབས་ཡོད། མིག་སྔར་རྒྱལ་ཡོངས་སུ་མིག་ནད་ཚན་ཁག་གི་ལས་དོན་སྒྲུབ་བཞིན་པའི་སྨན་པ་ཁྲི་7.1ཡོད་པ་དང་མིག་མཐོང་འོད་ཀྱི་ཆེད་ལས་མི་སྣ་ཁྲི་1.7དུ་འཕར་ཡོད། 2021ལོར་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་གྱི་འོད་སྣང་སྦྱིན་པའི་བྱ་སྤྱོད་སྤེལ་ཚུན། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་མིག་ཤེལ་གྱི་སྒྲོམ་དང་། ཤེལ་སྒོ ལྟ་ཀློག་ཏུ་སྤྱོད་པའི་སྟེགས་སྒྲོན། སློབ་མའི་ཡིག་ཆས་སོགས་ལ་དམིགས་ཏེ། ཐོན་རྫས་སྤུས་ཚད་ལ་བརྟག་པའི་རྒྱལ་ཁབ་ཀྱི་ལྟ་སྐུལ་དང་འཐེན་བཤེར་ཁག་ཐེངས་380བྱས་པ་དང་། རིམ་རྩིས་བརྒྱབ་ན་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ཡིག་ཆས་ཁག་ཐེངས་214ཚུར་བསྡུས་ཡོད་པ་རེད། གོམ་སྟབས་རྗེས་མར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་མིག་ཤེལ་བཟོ་ས་དང་སྒྲིག་སའི་ཚད་འཇལ་ལ་ལྟ་འདོམས་མུ་མཐུད་ཆེ་རུ་བཏང་ནས་དྲིལ་བསྒྲགས་རྫུན་མ་བྱེད་པ་དང་ཁྲིམས་དང་འགལ་བའི་བརྡ་ཁྱབ་སྤེལ་བ་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།