གོ་ལ་ཧྲིལ་པོས་ཀྲུང་གོར་དགའ་ཞེན་བྱེད་ཚད་མཐོ་རུ་འགྲོ་དོན་གང་ཡིན་ནམ།

འདི་ནི་2025ལོའི་ཟླ་12ཚེས་18ཉིན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཡོངས་དངོས་སུ་སྒོ་ཁྲལ་སྡོམ་འགོ་ཚུགས་པ་རེད། དེ་ཉིན་དབྱང་ཕུའུ་གྲུ་ཁར་འགག་སྒོ་སྒྲོལ་བའི“སྒོ་ཁྲལ་མེད་པའི”རྡོ་སྣུམ་རྫས་འགྱུར་གྱི་མ་བཅོས་རྒྱུ་ཆ་ཁག་དང་པོ་འབྱོར་བ།

འདི་ནི་2026ལོའི་ཟླ་4ཚེས་17ཉིན། ཀོང་ཀྲོའུ་ཚོང་འདུས་སྐབས་139པའི་ཞབས་ཞུའི་འཕྲུལ་མིའི་ཁུལ་དུ་འཕྲུལ་མིའི་ངོ་མཚར་ཆེ་བའི་འགྲེམས་སྟོན་གྱིས་ཉོ་སྒྲུབ་ཚོང་པའི་ཡིད་དབང་བཀུག་པ།

འདི་ནི་པར་ཙིར་བྱང་ཤར་རྒྱུད་ཀྱི་པ་དབྱི་ཡ་ཀྲོའུ་ཁ་མ་ས་ལི་གྲོང་ཁྱེར་དུ་གནས་པའི་པི་ཡ་ཏི་པར་ཙིར་གྱི་འགྲུལ་སྤྱོད་རླངས་འཁོར་བཟོ་གྲྭར་ས་གནས་དེ་གའི་བཟོ་པས་རླངས་འཁོར་སྒྲིག་བཟོ་བྱེད་བཞིན་པ།

འདི་ནི་ཀྲུང་ལོའི་ལྕགས་ལམ“བསྐྱར་དར་རྟགས་ཅན”གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཡུན་ནན་ནན་ཤིས་གཙང་པོའི་ལམ་ཐིག་བཞི་པའི་ཟམ་ཆེན་ཐོག་སྐྱོད་བཞིན་པ།
རྒྱལ་སྤྱིའི་སྒྲིག་གཞི་མང་པོ་ཞིག་གིས་ཁྱབ་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་འབྲས་བུ་ལས་མངོན་པར། ཀྲུང་གོའི་རྒྱལ་སྤྱིའི་ཐོག་གི་གཟུགས་བརྙན་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་གོ་ལ་ཧྲིལ་པོས་དགའ་ཞེན་བྱེད་ཚད་བརྟན་པོའི་ངང་འཕར་ཡོད། “ཀྲུང་གོ་འདི་ཉིད‘དགའ་འོས་པ’ཞིག་ཏུ་འགྱུར་བཞིན་ཡོད་པ”དང“བློས་འགེལ་ཆོག་པ་དང་བསམ་ཤེས་བྱེད་མཁས་པའི་མཉམ་ལས་རོགས་ཟླ”“ཤུགས་རྐྱེན་ཆེ་ཤོས་ལྡན་པའི་གོ་ལ་ཧྲིལ་པོའི་ལས་དོན་ནང་ཞུགས་མཁན”ལ་སོགས་པའི་གདེང་འཇོག་ལས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་སྤོས་པ་དང་བསྟུན་ནས་ཀྲུང་གོའི་རིག་གནས་དང་། ལམ་ལུགས། ཕྱི་འབྲེལ་སོགས་ཀྱི་འཇམ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཡིད་རྟོན་རུང་བ་དང་། གཅེས་པར་འོས་པ། གུས་པར་འོས་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་པ་མཚོན་ཡོད།
ད་ཐེངས་ཀྲུང་གོར་ཡུན་རིང་ལྟ་ཞིབ་བྱེད་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་འགའ་ཞིག་གདན་དྲངས་ནས་ཁོང་ཚོའི་མིག་ནང་གི་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་བརྗོད་རྒྱུ་ཡིན།
སྒོ་དབྱེ་མཉམ་ལས།
གསར་གཏོད་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་དང་མི་དམངས་དེ་བས་མང་བར་ཕན་པ་ཐོབ་ཡོད།
ཧྥེ་ལི་ཁེ་སི·ཏ་ཕ་ལེ·ཏ་ཁོ་ལ(ཀག་ན)
ཀྲུང་གོར་གསར་གཏོད་ཀྱི་ཚ་རླབས་འཕྱུར་བར་གོ་ལ་ཧྲིལ་པོས་དོ་སྣང་ཆེན་པོ་བྱེད་པ་སྟེ། དྲག་རྩལ་བྱང་ཆུབ་པ་རྩེད་མཁན་རྒྱལ་ཐོན་འཕྲུལ་མི་འཛམ་གླིང་ལ་སྐད་གྲགས་ཆོད་པ་དང་། “མཆུ་འགུལ་དབྱེ་འབྱེད”ལག་རྩལ་ལྡན་པའི་མི་ཐབས་རིག་ནུས་ཀྱི་མིག་ཤེལ་རྒྱལ་སྤྱིའི་འགྲེམས་ཚོགས་ལ་བཏོན་པ། ལོ་མང་སྐྱེ་འཚར་གྱི“ཚེ་རིང་ཆུ་འབྲས”འདེབས་གསོ་ལམ་ལྷོངས་བྱུང་བ་ལ་སོགས་ཀྲུང་གོས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བས་ཐོན་སྐྱེད་ནུས་ཤུགས་གསར་མ་རྒྱུན་ཆད་མེད་པར་ཐོན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་དང་སྒུལ་ཤུགས་གསར་པ་རྒྱུན་མཐུད་བསྣན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་རང་བརྟེན་གསར་གཏོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། བཟོ་ལས་འཕྲུལ་མི་དང་། རིག་ནུས་བཟོ་སྐྲུན། མི་ཐབས་རིག་ནུས། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་སུ་ཀྲུང་གོའི་གསར་གཏོད་གྲུབ་འབྲས་རྒྱུན་མཐུད་ངང་ཐོན་པ་མ་ཟད། ལག་རྩལ་རྩེ་གྲ་རྒྱ་ཁྱབ་ངང་སྤྱོད་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བས་ཐོན་སྐྱེད་བྱེད་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་རིག་ནུས་ཅན་དང་ལྗང་མདོག་ཅན་ལ་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
ངས་ཀྲུང་གོ་ཕྱོགས་ཀྱི་ཚན་ཞིབ་ཚོགས་པ་དང་མཉམ་དུ་སོན་ལས་གསར་གཏོད་དང་། ཚ་ཁུལ་སྐྱེ་དངོས་ཞིབ་འཇུག ཞིང་ལས་ལག་རྩལ་ཁྱབ་གདལ་མཉམ་ལས་བཅས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཚན་ཞིབ་གྲུབ་འབྲས་དེ་བས་མང་བ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཞིང་ལས་མི་སྣར་ཁྱབ་གདལ་གཏོང་བ་དང་། ཕྱོགས་གཉིས་པོའི་ཞིང་ལས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
(རྩོམ་པ་པོ་ནི་ཨ་ཧྥེ་རི་ཁའི་ཚན་རིག་ཁང་གི་ཡོན་ཧྲི་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཕྱི་ཁོངས་ཡོན་ཧྲི། ཀྲུང་གོ་ཞིང་ལས་ཚན་རིག་ཁང་རྒྱལ་ཁབ་ནན་ཧྥན་ཞིབ་འཇུག་ཁང་གི་མཐོ་རིམ་བློ་འདྲི་བ་བཅས་ཡིན)
དྲང་བདེན་ལམ་བུ་བརྟན་སྲུང་།
ཞི་བདེ་དང་། ཡར་ཐོན། དགེ་བརྩོན་བཅས་ཀྱི་སྟོབས་ཤུགས་བྱེད་པ།
ཞུས་ཆིན་ཆི(མ་ལེ་ཞི་ཡ)
རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་རྡེག་ཕོག་པ་དང་འབྲེལ་རྒྱུན་མཐུད་ངང་བདེ་འཇགས་ཀྱི་སེམས་ཁྲལ་ཐོན་པའི་རྒྱབ་ལྗོངས་འོག ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་རྒྱལ་ཁབ་ཁག་དང་མཉམ་ལས་གཉིས་ཕན་ཡོང་བ་བྱས་པས་ཡོ་ལང་འཛམ་གླིང་གི་བརྟན་ལྷིང་རང་བཞིན་གྱི་སྟོབས་ཤུགས་སུ་གྱུར་ཡོད། ཀྲུང་གོའི་ཕྱི་འབྲེལ་འདུ་ཤེས་དང་ལག་ལེན་ལ་དགའ་པོ་བྱེད་མཁན་དེ་བས་མང་དུ་འགྲོ་བཞིན་ཡོད་པ་དང་ཤུགས་རྐྱེན་ཐེབས་ཤུགས་དང་བློ་སེམས་འགུག་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད།
ཀྲུང་གོས་ཁྱབ་ཁོངས་ཁག་གི་མཉམ་ལས་བརྒྱུད་ས་ཁུལ་དང་རྒྱལ་ཁབ་ཀྱི“འཕེལ་རྒྱས་ཀྱི་མཉེན་ཆ”དང“ལམ་ལུགས་སྦྲེལ་མཐུད”ལ་ཤུགས་སྣོན་བརྒྱབ་ཡོད། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུ་དེ་ས་ཁུལ་བརྟན་ལྷིང་དང་འཕེལ་རྒྱས་འགྲོ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་ལོའི་ལྕགས་ལམ་གྱིས་ལོ་སི“སྐམ་སའི་དབེན་གནས་རྒྱལ་ཁབ”ནས“སྐམ་སའི་རྒྱལ་ཁབ་ཁག་དང་སྦྲེལ་མཐུད་ཐུབ་པའི་རྒྱལ་ཁབ”ཏུ་བསྒྱུར་ཏེ་རྒྱལ་མཚམས་སྒྲོལ་བའི་ཚོང་དོན་དང་ཡུལ་སྐོར་ལ་སྐུལ་ཁྲིད་བྱས་ནས་ལས་ཞུགས་དང་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་ནུས་རྒྱུ་དང་འགྲིམ་འགྲུལ་རྣམ་གྲངས་ཀྱིས་ཕ་ཁི་སི་ཐན་ལ་ཡུན་རིང་གནས་པའི་རྨང་གཞིའི་སྒྲིག་བཀོད་ཞན་པའི་གནད་དོན་ཐག་གཅོད་བྱས་པས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩི་གི་ཡོད་པ་རེད།
ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་ནས་རྒྱལ་ཁབ་ཁག་གིས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལ་དེ་བས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་རྒྱུར་ཕྱོགས་མང་པོའི་ཐད་ཀྱི་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་པ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་བསྐྲུན་པས་རྒྱལ་ཁབ་དེ་བས་མང་བའི་རྒྱབ་སྐྱོར་ཐོབ་ཡོད།
རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་། ཡར་ཐོན། དགེ་བརྩོན་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན་པ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་པ་མི་དེ་བས་མང་བས་མཐོང་ཡོད།
(རྩོམ་པ་པོ་ནི་མ་ལེ་ཞི་ཡའི་ཨེ་ཤེ་ཡ་གསར་པའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་དཔོན་ཡིན)
སྒོ་དབྱེ་རྒྱ་ཆེར་གཏོང་བ།
བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།
ལེང་ཅིན་ཧུའེ(སིང་ཀ་ཕོར)
གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་160ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོ་དང་གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོས་ཕྱི་ཕྱོགས་ལ་མ་འཇོག་བྱེད་ཚད་ལོ་9བསྟུད་མར་འཛམ་གླིང་གི་ཨང་གསུམ་པ་རྒྱུན་འཁྱོངས་བྱས་ཡོད། རྒྱལ་སྤྱིའི་མཉམ་ལས་ཀྱི་སྒྲོམ་གཞི་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་ཀྲུང་གོ་ནི་དེའི་ནང་གི་འགག་རྩའི་ཞུགས་མཁན་ཞིག་ཏུ་འགྱུར་བཞིན་ཡོད། ས་ཁོངས་ཀྱི་རོགས་ཟླའི་འབྲེལ་བ་དང་ལས་རིགས་ཀྱི་མཉམ་ལས་མནའ་འབྲེལ་བརྒྱུད་ཀྲུང་གོས་གོ་ངོ་མ་ཆོད་པའི་ཐག་གཅོད་ཇུས་གཞིར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་དང་རྒྱལ་སྤྱིའི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་རྒྱབ་སྐྱོར་བྱས་ཡོད། ཉེ་དུས་ཀྲུང་ཨའི་གཙོ་བདག་མཇལ་འཛོམས་གནང་ནས་ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པའི་བརྡ་རྟགས་བཏང་བ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་མཉམ་ལས་དང་། ཚོང་དོན། མ་འཇོག་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོའི་ནུས་པ་གལ་ཆེན་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་མངོན་གྱི་ཡོད།
ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན་ཞིང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་2030ལོ་བར་གྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་ཁ་གསལ་བཟོས་ཡོད། ཁེ་ལས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་ཞིག་ནི་ས་འབྲེལ་ཆབ་སྲིད་ཀྱི་ཉེན་ཁ་མུ་མཐུད་ཆེ་རུ་འགྲོ་བའི་དུས་བབ་འོག་ཀྲུང་གོའི་དཔལ་འབྱོར་གྱིས་ཇི་ལྟར་བྱས་ནས་མཉེན་ཆ་རྒྱུན་འཁྱོངས་བྱེད་པ་དང་ཇི་ལྟར་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དང་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བརྒྱུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་མུ་མཐུད་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་དེ་རེད།
གཅིག་ནས་ནུས་རྒྱུ་གཙང་མའི་བཟོ་སྐྲུན་ཁྱབ་ཁོངས་སུ་ཀྲུང་གོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཉི་ནུས་དང་རླུང་ནུས་སོགས་ནུས་རྒྱུ་གཙང་མ་ནས་གློག་རྫས་དང་ནུས་གསར་རླངས་འཁོར་ཁྱབ་ཁོངས་བར། ཀྲུང་གོས་གཞི་ཁྱོན་ཅན་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཐོན་ལས་བཀོད་སྒྲིག་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་དོན་གཉེར་བྱེད་མཁན་རྒྱལ་ཁབ་དང་ཁེ་ལས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པའི་མཉམ་ལས་རོགས་ཟླར་གྱུར་ཡོད།
གཉིས་ནས་ཀྲུང་གོའི་ཚན་རྩལ་གསར་གཏོད་ནུས་པས་ཀྱང་མཉམ་ལས་རོགས་ཟླ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་ཐུབ། བཟོ་སྐྲུན་ལས་རིགས་ཁྲོད་ཀྱི་མི་ཐབས་རིག་ནུས་བེད་སྤྱོད་དང་གྲངས་འཛིན་ལས་སྟེགས་ནས་སྨན་བཅོས་ཐག་གཅོད་ཇུས་གཞི་དང་སྨན་བཅོས་རམ་འདེགས་ལག་རྩལ་བར། ཀྲུང་གོས་གསར་གཏོད་ཀྱི་ནུས་པ་ཆེན་པོ་མངོན་པ་དེས་གསར་དར་དཔལ་འབྱོར་སྡེ་གཞི་སྲོལ་རྒྱུན་འཕེལ་རྒྱས་ཀྱི་དུས་མཚམས་ལས་བསྒྲལ་ནས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་གསར་དར་ཐོན་ལས་ཐོན་རྒྱུར་སྐུལ་སྤེལ་གཏོང་བ་མ་ཟད། ལས་ཞུགས་ཀྱི་གོ་སྐབས་གཏོད་རྒྱུར་ཕན་ཐོགས་ཡོད་པ་རེད།
རྒྱལ་སྤྱིའི་དཔལ་འབྱོར་ལས་དོན་ཁྲོད་ཀྱི་ཀྲུང་གོའི་གནས་བབ་ལ་དོན་སྙིང་གལ་ཆེན་ལྡན་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་མཉམ་ལས་དང་འགྲན་རྩོད་མཉམ་གནས་བྱེད་དགོས་པ་དང་འབྲེལ་ལས་ཞུགས་ཀྱི་གོ་སྐབས་གཏོད་པ་དང་དམངས་འཚོའི་བདེ་རྩ་ལེགས་སུ་བཏང་ནས་རིན་ཐང་སྦྲེལ་ཐག་ཐད་ཀྱི་ཕྱོགས་ཁག་ལ་གོ་སྐབས་དེ་བས་མང་བ་གཏོད་དགོས་ཀྱི་ཡོད། ཐུན་མོང་འགྲན་སློང་གི་མདུན་དུ་ཕྱོགས་ཁག་གིས་ངེས་པར་དུ་ཁེ་ཕན་གྱི་མཐུན་ཆ་འཚོལ་བ་དང་གཉིས་ཁེ་གཉིས་ཕན་དང་རིན་ཐང་བཏོད་པའི་རོགས་ཟླའི་འབྲེལ་བ་བཙུགས་ཏེ་དེ་བས་རྒྱུན་སྲིང་དང་དར་རྒྱས་ཀྱི་མཉམ་ལས་ཁོར་ཡུག་གཏོད་དགོས།
སྒོ་དབྱེའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་ཡོད།
(རྩོམ་པ་པོ་ནི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཏུང་ཧྲི་དང་དོ་དམ་ཨུ་ལྷན་གྱི་ཁོངས་མི་ཡིན)
འབྲེལ་ཡོད་གསར་འགྱུར།