མཚོ་སྔོན་བཟོ་ཚོགས་ཀྱིས་གཞི་རིམ་རྩ་འཛུགས“ཡོད་པ་ཙམ”ནས“ནུས་ལྡན་ཕན་ཆེ”ཕྱོགས་སུ་སྐུལ་འདེད་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་མཚོ་སྔོན་བཟོ་ཚོགས་ཀྱིས་གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་སྟོན་ཕྱོགས་མུ་མཐུད་མཐའ་འཁྱོངས་ཀྱིས་གཞི་རིམ་རྩ་འཛུགས“ཡོད་པ་ཙམ”ནས“ནུས་ལྡན་ཕན་ཆེ”བར་མཆོང་སྐྱོད་ཐུབ་པར་སྐུལ་འདེད་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་གཙོ་བོ་ལས་རྣམ་གསར་པའི་ལས་རིགས་ཐད་འགག་སྒྲོལ་བྱས་ནས་ཞིང་ཆེན་ཡོངས་སུ་ལས་རྣམ་གསར་པའི་བཟོ་ཚོགས་ཀྱི་མཉམ་འབྲེལ་ལྷན་ཚོགས་76བཙུགས་པ་དང་། སྣེ་ཁྲིད་ལས་སྟེགས་ཁེ་ལས་ཀྱི་ཡན་ལག་དང་ཉིང་ལག་སྒྲིག་གཞི། དེ་བཞིན་ལས་མི་བཀོལ་སྤྱོད་མཉམ་ལས་ཀྱི་ཁེ་ལས་ལ་བཟོ་ཚོགས་255བཙུགས་པ། ལས་རྣམ་གསར་པའི་ངལ་རྩོལ་པ་ཁྲི་17.3བཟོ་ཚོགས་ནང་ཞུགས་པས་མི་ཁྲི་10.3མང་དུ་ཕྱིན་ཡོད། སྐྱེ་ཁམས་བདག་སྐྱོང་བ་དང་འཐེན་ཐུག་བཟོ་མཁན་གྱི་གཙོ་གནད་ཚོགས་སྤྱི་བཟོ་ཚོགས་ནང་ཞུགས་ཚད་85%ལྷག་ཙམ་ཟིན་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མྱུར་སྐྱེལ་ལས་རིགས་ཀྱི་བཟོ་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ། ཟོག་འདྲེན་ལས་རིགས་ཀྱི་བཟོ་ཚོགས་འཛུགས་པ་དང་བཟོ་ཚོགས་ནང་ཞུགས་པར་ཚད་བརྒལ་བྱུང་ཡོད་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་དང་མཚོ་སྔོན་བཟོ་ཚོགས་ཀྱི་འགག་སྒྲོལ་དང་སྤུས་ཚད་མཐོར་གཏོང་གི་འགག་རྩའི་ལོ་ཞིག་ཡིན་པའི་ད་ལོར། ཞིང་ཆེན་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་རྩ་འཛུགས་འཛུགས་སྐྱོང་དང་རྩ་སྲ་རྨང་བརྟན་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ་སྤྱི་དབང་མིན་པའི་ཁེ་ལས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པར་དམིགས་ཏེ་བཟོ་ཚོགས་འཛུགས་པའི་བརྒྱུད་རིམ་ལེགས་སུ་བཏང་ནས་འཛུགས་དགོས་རིགས་ཚང་མར་འཛུགས་པ་དང་ཞུགས་དགོས་རིགས་ཚང་མ་ཞུགས་ཐུབ་པར་བྱས་ཡོད། ཟོག་འདྲེན་ཟོག་འགྲུལ་དང་། མྱུར་སྐྱེལ་མངགས་ཉོ། ལྗང་མདོག་རྩིས་ནུས། ས་མཐོའི་ཁྱིམ་ལས། འཐེན་ཐུག་དཔལ་འབྱོར་སོགས་ཁྱད་ལྡན་གྱི་ལས་རྣམ་གསར་པར་དམིགས་ཏེ། ལས་རིགས་ཀྱིས་གཅིག་གྱུར་འཛུགས་པ་དང་། ས་ཁོངས་ཀྱིས་མཉམ་དུ་འཛུགས་པ། དྲ་ཐོག་ནས་བཟོ་ཚོགས་ནང་ཞུགས་པ་སོགས་ཀྱི་ཐབས་ཤེས་བབ་བསྟུན་ངང་སྤྱད་དེ་ཁྱབ་ཁོངས་སུ་ཁུག་གསང་སྟོང་གསུམ་མ་ལུས་པར་བྱས་ཡོད། ཚོགས་མིར་སྒུལ་རྣམ་དོ་དམ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དགོས་མཁོར་གཞིགས་ནས་གནད་སྨིན་ཞབས་འདེགས་ཞུས་ཡོད།
འབྲེལ་ཡོད་གསར་འགྱུར།