དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་རྩོལ་རྩོད་གཞི་འདུམ་འགྲིག་གི་ཐོགས་མེད་བགྲོད་ལམ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-14

    ཉེ་ཆར། 《ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་རྩོལ་རྩོད་གཞི་འདུམ་འགྲིག་གི་ཐོགས་མེད་བགྲོད་ལམ་གཏོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་དང་། དེའི་དམིགས་ཡུལ་ནི་དྲ་འབོད་སྡེབ་སྐྱེལ་དང་། འགྲུལ་བཞུད་ཞབས་ཞུ། ཟོག་འགྲེམས་སྐྱེལ་འདྲེན། དྲ་འབོད་ཁྱིམ་ལས། དྲ་ཐོག་ཚོང་གཉེར་སོགས་ཀྱི་ལས་ཞུགས་ཚོགས་སྤྱི་གསར་པར་དམིགས་ནས། ངལ་རྩོལ་རྩོད་གཞི་འདུམ་འགྲིག་གི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ཏེ། ཁེ་དབང་སྲུང་སྐྱོང་གི་དུས་ཚོད་ཐུང་དུ་དང་དཔལ་འབྱོར་གྱི་མ་གནས་དམའ་རུ་གཏོང་གང་ཐུབ་བྱས་ནས། ཁེ་དབང་སྲུང་སྐྱོང་ཞབས་ཞུའི“མཐའ་མའི་འགག་གནད”སེལ་ཆེད་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《བརྡ་ཐོ》ཡི་ནང་དུ། རྩོད་གཞི་འདུམ་འགྲིག་དང་འདུམ་གཅོད་སྒྲུབ་གཉེར་སོགས་ལྷུ་ཚིགས་ཁག་གི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་པ་སྟེ། རྩོད་གཞི་འདུམ་འགྲིག་གི་ལྷུ་ཚིགས་སུ་དུས་འགོའི་འདུམ་འགྲིག་གི་ལས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཞིང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་རྩོད་གཞི་གཅིག་འཐུས་རྣམ་པའི་འདུམ་འགྲིག་ལྟེ་གནས་དང་ཁེ་ལས་ཀྱི་ངལ་རྩོལ་རྩོད་གཞི་འདུམ་འགྲིག་ཨུ་ལྷན་ལ་འདུམ་འགྲིག་གི་རེ་ཞུ་འབྱོར་རྗེས་ཉིན་དེ་རང་དུ་ཞིབ་དཔྱད་བྱས་ཚར་བར་བྱེད་དགོས། གལ་སྲིད་བདག་སྤྲོད་ཆ་རྐྱེན་འཛོམས་ཚེ་ལས་ཀའི་ཉིན་གྲངས་3ནང་འདུམ་འགྲིག་བྱེད་དགོས། རྙོག་འཛིང་མེད་པའི་ངལ་རྩོལ་རྩོད་གཞི་ལས་ཀའི་ཉིན་གྲངས་5ནང་འདུམ་འགྲིག་བྱས་ཚར་བར་བྱེད་དགོས་ལ། རྙོག་འཛིང་ཆེ་བའི་རྩོད་གཞི་ལས་ཀའི་ཉིན་10ནང་འདུམ་འགྲིག་ཚར་བར་བྱེད་དགོས། གལ་སྲིད་ཕྱོགས་གཉིས་པོ་ནར་འགྱངས་བྱེད་པར་མོས་མཐུན་ཡོད་ཀྱང་ནར་འགྱངས་འོས་འཚམ་བྱས་ཏེ་ལས་ཀའི་ཉིན་10ལས་བརྒལ་མི་ཆོག ལས་རིགས་ཀྱི་རྨས་སྐྱོན་འགན་སྲུང་དང་། ངལ་རྩོལ་ཐོབ་ཆ། ངལ་གསོ་དང་འཁོར་ཞག ལས་རྨས་ཐོབ་ཆ་སོགས་ཀྱི་རེ་ཞུ་གཙོ་བོར་དམིགས་ནས། འབྲེལ་ཡོད་སྡེ་ཚན་གྱིས་སྟབས་བསྟུན་ཅན་དང་གནད་འཕིགས་ཅན་གྱི་འདུམ་འགྲིག་བྱེད་སྟངས་སྤྱད་དེ། ངལ་རྩོལ་པ་དང་ལས་མི་སྤྱོད་མཁན་ཕྱོགས་གཉིས་ཀར་གྲོས་མོལ་འདུམ་འགྲིག་བྱེད་པར་ཁྲིད་སྟོན་གྱིས་ཁྲུན་ཐག་མ་བཅད་གོང་རྩོད་གཞི་འདུམ་འགྲིག་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

    ཁྲུན་ཐག་གཅོད་རིང་། གྱོད་སྒྲུབ་དུས་ཡུན་ཐུང་དུ་ངེས་ཅན་བཏང་ནས་གྱོད་སྒྲུབ་ཀྱི་སྤུས་འབྲས་ལེགས་སུ་གཏོང་དགོས། ཁྲུན་ཐག་གཅོད་མཁན་སྒྲིག་གཞིས་རེ་ཞུ་བྱེད་ཉིན་ཞིབ་དཔྱད་བྱེད་དགོས། གལ་སྲིད་ཆ་རྐྱེན་འཛོམས་ཚེ་ཉིན་དེ་རང་ལ་ཐོ་འགོད་བྱས་ནས་ལས་ཀའི་ཉིན་3ནང་བདག་སྤྲོད་བྱེད་དགོས། བདག་སྤྲོད་བྱས་རྗེས་ཀྱི་ལས་ཀའི་ཉིན་5ནང་འདུམ་འགྲིག་བྱེད་འགོ་འཛུགས་དགོས། ལས་ཀའི་ཉིན་10ནང་འདུམ་འགྲིག་མ་ཐུབ་རིགས་མགྱོགས་མྱུར་ཁྲུན་གཅོད་བྱེད་དགོས། རྙོག་འཛིང་མེད་པའི་གྱོད་དོན་ཡིན་ན་ཁྲིམས་ར་འཚོགས་རྗེས་ཀྱི་ལས་ཀའི་ཉིན་5ནང་ཁྲུན་གཅོད་བྱེད་དགོས་པ་དང་། སྤྱིར་བཏང་གི་གྱོད་དོན་ཡིན་ན་ཁྲིམས་ར་འཚོགས་རྗེས་ཀྱི་ལས་ཀའི་ཉིན་7ནང་ཁྲུན་གཅོད་བྱེད་དགོས། སྤྱི་ཡོངས་ནས་གྱོད་དོན་སྒྲུབ་གཉེར་དུས་ཚད་ཉིན་30བར་ཐུང་དུ་བཏང་ཡོད།

    དེ་དང་ཆབས་ཅིག དོན་དངོས་ཁ་གསལ་ཞིང་རྩོད་གཞི་ཅུང་ཆུང་བའི་གྱོད་གཞིའི་རིགས་ལ་གཅིག་གྱུར་ཐོག་སྟབས་བདེའི་ལས་རིམ་སྤྱོད་དགོས་པ་སྟེ། ཁྲིམས་རའི་འདྲི་གཅོད་དང་དཔང་འདོན་ལྷུ་ཚིགས་ཁུ་བསྡུ་བྱས་ཐོག་དྲ་ཐོག་རིག་ནུས་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་དྲ་ཐོག་ནས་འདུམ་འགྲིག་དང་འདྲི་གཅོད་བྱེད་སྟངས་ཁྱབ་གདལ་བཏང་ནས་གྱོད་གཞི་ཐག་གཅོད་ཀྱི་ལས་ཕྱོད་ཆེ་རུ་ཏན་ཏིག་གཏོང་དགོས། ལས་ཞུགས་ཚོགས་སྤྱི་གསར་པའི་གཞི་རྩའི་འཚོ་བ་འགན་ལེན་དང་འབྲེལ་བའི་གྱོད་གཞི་ཡིན་ན་ཁྲིམས་ལྟར་སྔོན་ལ་ཁྲུན་ཐག་གཅོད་དགོས། ལས་ཞུགས་གསར་པའི་ཚོགས་སྤྱིས་ལས་རིགས་རྨས་སྐྱོན་གྱི་སྨན་བཅོས་གྲོན་དངུལ་དང་། ལས་རིགས་རྨས་སྐྱོན་སྨན་བཅོས་བྱེད་ཡུན་གྱི་འཚོ་བའི་འགན་སྲུང་གྲོན་དངུལ། ངལ་རྩོལ་ཐོབ་ཆ། ལས་རྨས་སྨན་བཅོས་གྲོན་དངུལ་བཅས་འདེད་ལེན་བྱེད་པའི་གྱོད་གཞི་ཡིན་ཕྱིན་སྔོན་ལ་ལག་བསྟར་བྱེད་པའི་ཆ་རྐྱེན་འཛོམས་རིགས་ལས་ཞུགས་ཚོགས་སྤྱི་གསར་པར་ཁག་ཐེག་མི་དགོས་པར་ཉིན་དེ་རང་དུ་སྔོན་ལ་ལག་བསྟར་བྱེད་པའི་ཁྲུན་ཐག་བཅད་དེ་ལས་ཞུགས་ཚོགས་སྤྱི་གསར་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས།

    ཕུགས་ཕན་ཞབས་ཞུའི་ལམ་སྲོལ་དུས་གཅིག་ཏུ་དོན་འཁྱོལ་གྱིས་ལྗོངས་ཡོངས་སུ་ཐོགས་མེད་བགྲོད་ལམ་གྱི་ཆེད་དོན་སྐར་ཁུང་བཙུགས་ཏེ་བློ་འདྲི་དང་། བདག་སྤྲོད། འདུམ་འགྲིག ཁྲུན་གཅོད་བཅས་ཀྱི“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུས་ནས་ལས་གཉེར་བརྒྱུད་རིམ་དང་། དུས་བཀག ཞུ་གཏུག་ཁ་པར་བཅས་ཡོངས་བསྒྲགས་བྱེད་དགོས། དེ་དང་ཆབས་ཅིག རིན་མེད་བཅའ་ཁྲིམས་རོགས་སྐྱོར་དང་། རྒྱུན་རྣམ་ཅན་གྱི་ཁེ་དབང་སྲུང་སྐྱོང་དྲིལ་བསྒྲགས། ཁྲིམས་སྒྱུར་ལྟ་སྐུལ་ནན་པོ། ལག་བསྟར་ཐབས་ལམ་ཤར་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་ལས་ཞུགས་ཚོགས་སྤྱི་གསར་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།