ཟླ་དང་པོ་ནས་བཞི་པའི་བར་རང་ལྗོངས་ཀྱི་ཁྲལ་དངུལ་ཡོང་འབབ་སྒོར་དུང་ཕྱུར་360ལྷག་ཙམ་ཟིན་པ།
གསར་འགོད་པར་ཉེ་ཆར་འཚོགས་པའི“‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཚུགས་ཀྱི་གོམ་པ་ཡག་པོ་སྤོ་བའི་རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པའི”ཐོག་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བརྟན་ཐོག་ཡར་འཕེལ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར། འཛད་སྤྱོད་གྲུབ་ཆ་དེ་བས་ལེགས་སུ་འགྲོ་བ། དཔལ་འབྱོར་གྱི་སྒྲིག་ལམ་དེ་བས་ཚད་ལྡན་བཅས་ཀྱི་འཕེལ་ཚུལ་བཟང་པོ་མངོན་ཡོད། ཟླ་དང་པོ་ནས་བཞི་པའི་བར་ལྗོངས་ཡོངས་ཀྱི་ཁྲལ་དོན་སྡེ་ཚན་གྱི་ཁྲལ་དངུལ་ཡོང་འབབ་སྒོར་དུང་ཕྱུར་360ལྷག་ཙམ་ཟིན་པས་ཡོང་འབབ་འཕར་བའི་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་ཆོག་པའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྤྱི་ཡོངས་ཀྱི་ཁྲལ་དངུལ་ཡོང་འབབ་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་དམངས་འཚོ་ལེགས་གཏོང་ལ་ནོར་ཤུགས་ཀྱི་འགན་ལེན་བྱས་ཡོད།
གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར། རང་ལྗོངས་ཀྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་2.9%འཕར་བའི་ནང་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་1.3%འཕར་བ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་10.7%འཕར་བ། ལྗོངས་ཡོངས་ཀྱི་ཐོན་ལས་གསུམ་པར་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་970ལྷག་ཙམ་ཟིན་པ་དང་། ཐོན་ལས་གཉིས་པའི་ཁྲོད་ཀྱི་བཟོ་ལས་ཀྱིས་འགག་རྩའི་འདེགས་སྐྱོར་གྱི་ནུས་པ་ཐོན་ཏེ་རྒྱལ་ཡོངས་ཀྱི་འཕར་ཚད་དང་མཉམ་དུ་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་མུ་མཐུད་གྱུར་བ། ལྗོངས་ཡོངས་ཀྱི་འཛད་སྤྱོད་དང་འབྲེལ་བའི་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་320ལྷག་ཙམ་ཟིན་ནས་དུས་མཚུངས་ལས་0.5%འཕར་ཡོད། དེའི་ནང་ཚོང་ཟོག་འཛད་སྤྱོད་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་3.7%འཕར་ཡོད།
གཞན་ཡང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《ཁྲལ་འཇལ་གྲོན་བསྡུའི་ཡིད་རྟོན་དོ་དམ་བྱ་ཐབས》དང《ཁྲལ་བསྡུ་དང་འབྲེལ་བ་ཡོད་པའི་ཆེད་ལས་ཞབས་ཞུའི་ཡིད་རྟོན་གདེང་འཇོག་དོ་དམ་བྱ་ཐབས》ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་བསྟུན་ནས། ཁེ་ལས་ཀྱི་ཁྲལ་བསྡུ་དང་འབྲེལ་བ་ཡོད་པའི་ཡིད་རྟོན་མ་ལག་འཛུགས་སྐྱོང་དེ“ལམ་ལུགས་འདུས་གྲུབ་དང་། གནད་སྨིན་སྐུལ་ལྕག མགྱོགས་མྱུར་སླར་གསོ”བཅས་ཀྱི་དུས་མཚམས་གསར་པར་སླེབས་ནས་ཡིད་རྟོན་དེ་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དང་། བཙོངས་འཛིན་གྱི་གྲངས་བཅད། ཐ་ན་ཁྲོམ་རའི་གོ་སྐབས་བཅས་དང་འབྲེལ་བའི“བརྗེ་ལེན་ཆོག་པའི་ཕྱི་རྒྱལ་དངུལ་ལོར”ལྟ་བུར་གྱུར་ཡོད། གདེང་འཇོག་བྱ་ཐབས་གསར་པའི་འོག 2025ལོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་དངུལ་དང་དཔྱ་ཁྲལ་མིན་པའི་ཡོང་འབབ་དེ་གདེང་འཇོག་མ་ལག་ནང་ཐེངས་དང་པོར་བཅུག་པས“ཁྲལ་རིན་ཚང་མ་གཙིགས་སུ་འཛིན་པ་དང་ཁྲལ་རིན་ལ་མཉམ་དུ་གདེང་འཇོག”བྱེད་པ་མངོན་འགྱུར་བྱུང་ཡོད། འབྲེལ་ཡོད་གྲངས་གཞི་ལས་མངོན་པར། Aརིམ་པའི་ཁྲལ་འཇལ་བ་དུས་མཚུངས་ལས་འཕར་ཚད་33.4%ཟིན་པ་ལས་བོད་ཀྱི་ཁྲལ་འཇལ་བའི་ཁྲལ་འཇལ་གྱི་ཡིད་རྟོན་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་ཁྲལ་འཇལ་གྱི་ཡིད་རྟོན་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ། ཡིད་རྟོན་སྐྱེད་སྲིང་དང་སླར་གསོའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།