ཀྲུང་གོའི་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་གོ་སྐབས་གསར་པ་བསྐྲུན་ཡོད།
ཉེ་ཆར། ཀྲུང་གོར་འཚམས་འདྲི་ཐེངས་གཉིས་བྱེད་རིང་ང་ཀྲུང་གོའི་གྲོང་ཁྱེར་མང་པོར་ཕྱིན་པ་ཡིན། དེའི་ནང་ཁྲུང་ཆིང་དང་ཧྲེན་ཀྲེན་གྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ལོ་བཅུ་ཕྲག་རིང་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་མི་འབོར་དུང་ཕྱུར་8ཙམ་དབུལ་སྒྲོལ་ཐུབ་ནས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཀྱི་ངོ་མཚར་རླབས་ཆེན་བཏོད་ཡོད། སྐམ་སའི་དབུས་ཁུལ་ཡིན་པའི་ཁྲུང་ཆིང་ལ་འཕེལ་རྒྱས་མྱུར་བའི་རྣམ་པ་བཟང་པོ་མངོན་ཡོད་པ་དང་། དེ་གར་ངས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཤེས་རྟོགས་བྱུང་། ཧྲེན་ཀྲེན་དུ་ཚན་རྩལ་གསར་གཏོད་དེ་སྔར་བྱུང་མྱོང་མེད་པའི་མྱུར་ཚད་ཐོག་ནས་དམངས་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་བྱེད་བཞིན་ཡོད། མི་ཐབས་རིག་ནུས་དང་། གྲངས་འཛིན་ཚོང་དོན། གྲོང་ཁྱེར་འགྲིམ་འགྲུལ་བཅས་ནས་ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་རླངས་འཁོར་བར། ཀྲུང་གོ་འདི་ཉིད“འཛམ་གླིང་གི་བཟོ་གྲྭ”ཙམ་མ་ཡིན་པར་གོ་ལ་ཧྲིལ་པོའི་གསར་གཏོད་ལྟེ་གནས་གལ་ཆེན་ཞིག་ཏུ་དེ་བས་འགྱུར་བཞིན་ཡོད།
གྲུབ་འབྲས་དེ་དག་ནི་ཚན་རིག་དང་མཐུན་པའི་རྒྱལ་ཁབ་འཆར་འགོད་ཀྱི་ཁྲིད་སྟོན་དང་། རྒྱུན་མཐུད་རྒྱ་ཆེར་བཏང་བའི་ཕྱི་ཕྱོགས་སྒོ་དབྱེ། རྨང་གཞིའི་སྒྲིག་བཀོད་ལ་གཞི་ཁྱོན་ཆེ་བའི་མ་འཇོག སློབ་གསོའི་བྱ་གཞག་ལ་མཐོང་ཆེན་བཅས་དང་། དེ་བཞིན་བཟོ་ལས་ཅན་དང་ཚན་རྩལ་ཡར་ཐོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་བྱུང་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐུད་རྒྱ་ཆེར་བཏང་སྟེ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་། མཁོ་སྤྲོད་འཁོར་འབྲེལ། རིན་ཐང་འཁོར་འབྲེལ་བཅས་དང་མཉམ་འདྲེས་གཏིང་ཟབ་བྱས་ཡོད། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཁུལ་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་། ཟོག་འགྲུལ་སྦྲེལ་མཐུད། རྨང་གཞིའི་སྒྲིག་བཀོད་མཉམ་ལས་བཅས་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས་གཉིས་ཁེ་གཉིས་ཕན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་སྦྲེལ་ཟམ་བསྐྲུན་ཡོད། དེ་དང་ཆབས་ཅིག ཀྲུང་གོས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། རང་མོས་ཚོང་དོན་གྱི་གྲོས་ཆོད་ལ་མིང་རྟགས་ཧུར་ཐག་འགོད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་སྤུས་ལེགས་ཐོན་ཁུངས་སྣ་ཚོགས་གཅིག་སྡུད་བྱས་ཡོད། ཀྲུང་གོ་དང་རྒྱལ་ཁབ་གཞན་དག་དབར་དཔལ་འབྱོར་ཚོང་དོན་མ་འཇོག་གི་འགྲོ་འོང་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་རང་ངོས་འཕེལ་རྒྱས་ཀྱི་ཁྲོམ་ར་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་ཕྱིན་པ་མ་ཟད། རྒྱལ་ཁབ་གཞན་དག་གི་དཔལ་འབྱོར་འཕེལ་རྒྱས་ལའང་གོ་སྐབས་གསར་པ་བསྐྲུན་ཡོད།
ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་གིས་པར་ཙིར་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོའི་འཕེལ་རྒྱས་བརྒྱུད་རིམ་གྱིས་ཕུགས་ཀྱི་འཆར་འགོད་ནི་རྒྱལ་ཁབ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བའི་རྨང་རྡོ་གལ་ཆེན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ཚན་རིག་དང་མཐུན་པའི་འཆར་འགོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་རང་བརྟེན་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཐུབ་ལ། འཕེལ་རྒྱས་ཀྱི་མཉེན་ཆ་དང་ཉེན་ཁ་འགོག་ནུས་ཀྱང་རྒྱུན་མཐུད་ཆེ་རུ་གཏོང་ཐུབ། 2025ལོར། པར་ཙིར་དེ་ཉིད་ཀྲུང་གོའི་ཕྱི་རྒྱལ་གྱི་མ་འཇོག་བྱ་ཡུལ་ཆེ་ཤོས་སུ་གྱུར་པ་དང་། པར་ཀྲུང་གི་དཔལ་འབྱོར་ཚོང་དོན་མ་འཇོག་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ནས་པར་ཙིར་གྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར། རིག་ནུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་འགྲོ་བར་རམ་འདེགས་བྱས་ཏེ་པར་ཙིར་གྱིས་སླར་ཡང་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
པར་ཀྲུང་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སོ་སོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པའི་འདོད་ཚུལ་བརྟན་པོ་འཛིན་པ། ཞི་བའི་བྱེད་ཐབས་བརྒྱུད་རྒྱལ་སྤྱིའི་རྩོད་གཞི་སེལ་བ། ཕྱོགས་མང་མཉམ་ལས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། པར་ཀྲུང་རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་མཉམ་ལས་བྱེད་ཟབ་ཏུ་བཏང་བ་དེས་རྒྱལ་སྤྱིའི་སྐད་ཆ་ཤོད་རེས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཁྱུ་སྒྲིག་འགྲན་རྒོལ་གྱི་བསམ་བློ་དོར་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དྲང་ནུས་བསྣན་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད།
(རྩོམ་པ་པོ་ནི་པར་ཙིར་གསར་འགྱུར་མཐུན་ཚོགས་གསར་འགྱུར་པུའི་ཀྲུའུ་རེན་ཡིན)
འབྲེལ་ཡོད་གསར་འགྱུར།