ནག་ཆུ་གྲོང་ཁྱེར་མངའ་ཁོངས་ཀྱི་རྒྱལ་ལམ་109ལམ་ཐིག་གི་སྤུས་སྤོར་སྒྱུར་བཀོད་ལས་གྲྭ་སྔོན་དཔག་བྱས་ན་ཟླ་9པར་ལས་མཇུག་འགྲིལ་རྒྱུ་ཡིན་པ།
མཚོ་བོད་གཞུང་ལམ་G109ལམ་ཐིག་གི་སྤུས་སྤོར་སྒྱུར་བཀོད་ལས་གྲྭ་2025ལོར་འགོ་ཚུགས་ཚུན། ནག་ཆུ་གྲོང་ཁྱེར་གྱིས་ལས་གྲྭའི་འཕེལ་རིམ་དང་དམངས་འཚོའི་བདེ་རྩར་དམ་པོར་དམིགས་ཏེ། སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག གཞུང་ལམ་ལས་གྲྭ་འཛུགས་སྐྲུན་དེ་དམངས་ཕན་ལས་གྲྭ་དང་དམངས་ཕྱུག་ལས་གྲྭར་དངོས་འབྲེལ་འགྱུར་བ་བྱས་ཡོད། མིག་སྔར། ནག་ཆུ་གྲོང་ཁྱེར་མངའ་ཁོངས་སུ་རྣམ་གྲངས་ཀྱི་ལམ་གཞི་དང་། ཟམ་སྦུག ལམ་ངོས་སོགས་ཀྱི་ལས་གྲྭ་གཙོ་བོ་སྤྱིའི་ལས་འབོར་གྱི་69%ལེགས་གྲུབ་ཟིན་པ་དང་སྤྱིའི་འཛུགས་སྐྲུན་བརྟན་ལ་གོ་རིམ་ལྡན་ཞིང་། སྔོན་དཔག་བྱས་ན2026ལོའི་ཟླ་9པར་ལས་མཇུག་འགྲིལ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། G109ལམ་ཐིག་གི་སྤུས་སྤོར་སྒྱུར་བཀོད་ལས་གྲྭའི་སྤྱིའི་རིང་ཚད་ལ་སྤྱི་ལེ་814ཡོད་པ་དང་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་བརྒྱུད་ཡོད་ཅིང་། དེ་ནི་མང་ཚོགས་ཕྱོགས་ཐོན་དང་། དངོས་ཟོག་སྐྱེལ་འདྲེན། ཚོང་དོན་འཁོར་རྒྱུག་བཅས་ཀྱི་འགག་རྩའི་བགྲོད་ལམ་ཞིག་རེད། འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་འདོགས་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ས་གནས་དེ་གའི་ཞིང་འབྲོག་པ་ལས་གྲྭ་འཛུགས་སྐྲུན་ཁྲོད་སྔོན་ལ་ཞུགས་སུ་བཅུག་ཡོད། མིག་སྔའི་བར་རྣམ་གྲངས་དེས་ས་གནས་དེ་གའི་ཞིང་འབྲོག་པར་ལས་གནས་396མཁོ་འདོན་བྱས་པ་དང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་438.7ཡོང་བར་སྐུལ་ཁྲིད་བྱས་ཡོད།
ཨར་སྐྲུན་བྱེད་རིང་མང་ཚོགས་ཕྱོགས་ལ་ཐོན་པ་དང་རླངས་འཁོར་ཤར་བགྲོད་ཀྱི་དགོས་མཁོར་དམིགས་ནས། ནག་ཆུ་གྲོང་ཁྱེར་གྱིས་ཞེང་ཚད་སྨི་7.5ཟིན་པའི་ཤར་བགྲོད་འགན་ལེན་གྱི་ལམ་ཆུང་ཁྱོན་སྤྱི་ལེ་617གསར་སྐྲུན་དང་། ལམ་སྟོན་མཚོན་རྟགས་ལྷན་སྦྱར་སྒྲིག་སྦྱོར། ཚན་རིག་དང་མཐུན་པའི་ངང་རླངས་འཁོར་ཤར་བགྲོད་ཐུབ་པ་བཅས་བྱས་ནས་ཨར་སྐྲུན་བྱེད་རིང་གི་འགྲོ་ལམ་ཤར་བགྲོད་ཀྱི་དཀའ་གནད་བསལ་ཡོད། “མཁའ་ལམ་གདོང་ལེན་པས། མཚོ་བོད་ཤར་བགྲོད་ཡོང་བར་བྱེད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་བརྟེན་ནས། ལམ་ཐིག་ཧྲིལ་པོར་མཁའ་ལམ་ས་ཚིགས་15དང་ཤར་བགྲོད་འགན་ལེན་ཞབས་ཞུའི་ས་ཚིགས་20བཙུགས་ཏེ་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པ་དང་མང་ཚོགས་ལ་འཕྲལ་སྡོམ་རོགས་སྐྱོབ་དང་། ངལ་གསོ་དང་བཟའ་བཏུང་མཁོ་སྤྲོད། འགྲོ་ལམ་གནས་ཚུལ་བློ་འདྲི་སོགས་དམངས་ཕན་ཞབས་འདེགས་ཞུས་ཡོད། མིག་སྔའི་བར། ལམ་རྒྱུད་དུ་གཞུང་ལམ་ཤར་བགྲོད་འགན་ལེན་གྱི་འཕྲལ་སྡོམ་རོགས་སྐྱོབ་ཐེངས་189བྱས་ཤིང་། རིམ་རྩིས་བརྒྱབ་ན། ཁ་ལོ་བ་དང་འགྲུལ་པ་མི་ཐེངས་964དང་རླངས་འཁོར་453ལ་ཞབས་འདེགས་ཞུས་པ་དང་། དངོས་ཟོག་ཆེ་གྲས་སྐྱེལ་འདྲེན་ཐེངས་72ལ་འགན་སྲུང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།