“སྟོབས་འབྱོར་མངའ་ཐང་རྒྱས་པའི་མེས་རྒྱལ་མེད་ན་བསྐྱར་སྐྲུན་མགྱོགས་པོ་དེ་འདྲ་ཡོང་མི་སྲིད”
——དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་མི་སྒེར་སྤེན་པ་ནོར་བུའི་སྐོར་བཀོད་པ།
དིང་རི་རྫོང་གྲམ་མཚོ་ཤང་ཏང་ཨུད་ཀྱི་ཨུ་ཡོན་དང་ཤང་ཀྲང་གཞོན་པ་སྤེན་པ་ནོར་བུས་ཟིང་དཀར་གྲོང་ཚོའི་ཁོད་སྙོམས་པའི་ཨར་འདམ་ལམ་ནས་རྒྱང་རིང་གི་བཟོ་བཀོད་ལེགས་ཤིང་གྲལ་སྟར་སྒྲིག་པའི་སྡོད་ཁང་གསར་པར་ལྟ་བཞིན་ལོ་གཅིག་ལྷག་ཙམ་གོང་དུ་ས་ཡོམ་བརྒྱབ་པའི་རྣམ་པ་འཇིགས་ཡེར་བ་དེ་བསམ་པའི་ཡོལ་བར་འཆར།
“ད་ལྟ་བསམ་བློ་བཏང་ན་ས་ཡོམ་དེ་ནི་རྨི་ལམ་ངན་པ་ཞིག་དང་འདྲ་ཞིང་། ཚོད་བགམ་ཆེན་པོ་དེའི་མདུན་དུ་ང་ཚོ་གཞི་རིམ་ལས་བྱེད་པས་ཕྱིར་བཤོལ་བྱས་མེད། ས་ཡོམ་དེ་ལས་ང་ལ་མྱོང་ཚོར་ཟབ་ཤོས་ཤིག་བྱུང་བ་དེ་ནི་སྟོབས་འབྱོར་མངའ་ཐང་རྒྱས་པའི་མེས་རྒྱལ་མེད་ན་བསྐྱར་སྐྲུན་མགྱོགས་པོ་དེ་འདྲ་ཡོང་མི་སྲིད”ཅེས་ཁོང་གིས་བཤད།
ས་ཡོམ་རྒྱག་སྐབས་སྤེན་པ་ནོར་བུ་ཉལ་ཁང་དུ་ཡོད་ཅིང་། ཁང་པ་ཡམ་ཡོམ་ཤུགས་ཆེན་བྱས་ནས་གྱང་ངོས་ཀྱི་ཞལ་ལ་ཟག་གི་ཡོད། ཁོང་གིས་ཁྱར་ཁྱོར་ངང་ཁང་པ་ནས་ཕྱིར་དོན་ཏེ་འཕྲལ་དུ་མི་སྣ་བསྡུ་རུབ་བྱས།
“རྩྭ་གྲོང་ཚོར་གནོད་འཚེ་ཚབས་ཆེན་ཕོག་འདུག་པས་ལམ་སེང་རོགས་སྐྱོབ་བྱེད་པར་འགྲོ” རྩྭ་གྲོང་ཚོར་འབྱོར་རྗེས་ཁོང་ཚོས་ཞིག་རོའི་ཁྲོད་ནས་ཉེན་ཁར་གྱར་བའི་མི་གཅིག་རྗེས་གཉིས་མཐུད་ངང་བསྐྱབས་ཏེ་སྒལ་པར་ཁུར་ནས་མགྱོགས་མྱུར་གནས་སྤོ་སྐྱོབ་བཅོས་བྱས་པ་རེད།
རོགས་སྐྱོབ་ནི་གོམ་པ་དང་པོ་སྤོས་པ་ཙམ་ཡིན་པས་བར་བརྒལ་བཀོད་སྒྲིག་ནི་ཁ་ཚ་དགོས་གཏུགས་སུ་གྱུར། སྤེན་པ་ནོར་བུས་ཛ་དྲག་གི་ལས་འགན་ཞིག་དང་དུ་བླངས་པ་སྟེ། སྲིད་འཛིན་གྲོང་ཚོ་10ཡི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་འདེམས་པ་དང་བསྐྲུན་རྒྱུ་དེ་རེད།
ཁོང་གིས་གློག་བཞུ་ཁྱེར་ཏེ་གྲོང་ཚོ་རེ་རེར་བསྐྱོད་ནས་ས་དབྱིབས་རྩད་ཞིབ་དང་། དངོས་ཟོག་འཚོལ་བ། མི་སྣ་སྒྲིག་འཛུགས་བཅས་བྱས་ཤིང་། བཀོད་སྒྲིག་བྱ་ཡུལ་དུ་སླེབས་རིམ་བཞིན་ཁོང་གིས་གུར་བརྟན་པོ་ཡོད་མེད་ལ་ལྟ་བ་དང་མང་ཚོགས་ཉེན་ཡོད་ཁང་པར་ལོག་མི་རུང་བའི་ཁ་ཏ་ཡང་ཡང་བྱེད་ཀྱི་ཡོད།
གློག་དང་། ཆུ། དྲ་རྒྱ་བཅས་ཤར་གཏོང་བྱེད་པ་དང་། སྲིང་བལ་གྱི་གྱོན་གོས་དང་ཉལ་ཆས་དང་། འབྲས་དང་གྲོ་ཞིབ་འབྲུ་སྣུམ་སོགས་སྤྲོད་པའི་ལས་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།
རྗེས་མཐུད་ཀྱི་ལས་འགན་གཙོ་བོ་ནི་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དེ་རེད།
དིང་རི་རྫོང་གྲམ་མཚོ་ཤང་གི་སྲིད་འཛིན་གྲོང་ཚོ་10ཡི་ཁང་པ་770ལ་ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་ཡོད། དེ་བས་ལེགས་པའི་ཁྱིམ་གཞིས་གསར་པ་བསྐྲུན་པར་མང་ཚོགས་ཀྱི་ཡིད་ཆེས་ཐོབ་དགོས་ན། དང་ཐོག་སྲིད་ཇུས་གང་ཞིག་བཏོན་པ་དང་། ཁ་གསབ་རོགས་དངུལ་ག་ཚོད་ཡོད་པ། ཁང་པ་གང་འདྲ་ཞིག་བསྐྲུན་རྒྱུ་ཡིན་པ་བཅས་ཚང་མས་གསལ་པོར་ཤེས་སུ་འཇུག་དགོས།
ཁོང་གིས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱར་སྐྲུན་སྲིད་ཇུས་འགྲེལ་བཤད་བརྒྱབ་ཅིང་། མང་ཚོགས་ཀྱིས་དོགས་འདྲི་བཏོན་སྐབས་སྤེན་པ་ནོར་བུས་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་གི་ཡོད། ཉིན་30ལྷག་ཙམ་བསྟུད་མར་ཁོང་གིས་ཞོགས་སྔ་ལངས་དང་དགོང་ཕྱིན་ཉལ་གྱིས་མང་ཚོགས་ལ་བསམ་བློའི་ལས་ཀ་བྱས་མཐར། ཤང་ཡོངས་ནས་བསྐྱར་སྐྲུན་གྲོས་མཐུན་ལ་མིང་རྟགས་འགོད་ཚད་100%ཟིན་པ་དང་མང་ཚོགས“ཁང་པ་སྐྲུན་དུ་འཇུག་པ”ནས“རང་འདོད་ཀྱིས་ཁང་པ་སྐྲུན་པའི”བར་གྱུར་ཡོད།
2025ལོའི་ཟླ་10པར་གེགས་རྗེས་བསྐྱར་སྐྲུན་གྱི་ཁང་པ་758ཕྱོགས་ཡོངས་ནས་ཨར་སྐྲུན་ལས་མཇུག་འགྲིལ་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་དུས་བཀག་ལྟར་སྡོད་ཁང་གསར་པར་སྤོ་རྒྱུ་བྱུང་ཡོད།
“ཁྱེད་ཀྱིས་གཟིགས་དང་། ད་ཆ་ཁང་པ་སྟར་པ་འདིའི་ཚོམས་ཆེན་དཀར་ཆ་དོད་པ་དང་ཐབ་ཚང་གཙང་ལ་ཆུ་ཚ་པོ་བཟོ་ཆས་ཀྱང་བསྒར་ཡོད། དེ་སྔའི་གུ་དོག་པའི་ལམ་བུ་དེ་ཨར་འདམ་ལམ་ལ་བསྒྱུར་པ་མ་ཟད། དུད་ཚང་ཚང་མའི་སྒོ་རྩ་བར་བཏིང་བ་དང་། བར་ཐག་ངེས་ཅན་ཞིག་གི་མཚམས་སུ་ཉི་ནུས་གློག་སྒྲོན་རེ་བསྒར་ཡོད་”ཅེས་སྤེན་པ་ནོར་བུས་གསར་འགོད་པ་ཟིང་དཀར་གྲོང་ཚོའི་སྲང་ལམ་དུ་ལྟ་སྐོར་བྱེད་པར་ཁྲིད་ཀྱིན་དེ་ལྟར་བཤད།
རྨང་གཞིའི་སྒྲིག་བཀོད་ཀྱི་མཁྲེགས་ཆས་འཐུས་སྒོ་ཚང་དུ་བཏང་བས་མཉེན་ཆས་ཀྱང་རྗེས་ཟིན་པ་བྱེད་དགོས། ད་ལོ་གྲམ་མཚོ་ཤང་གིས་དོན་དངོས་ལ་གཞི་ཚུགས་ནས་ཁང་པའི་རྒྱབ་མདུན་གྱི་སྔོ་འགྱུར་བྱ་སྤྱོད་དང་མི་ཕྱུགས་ལོགས་དབྱེའི་རྣམ་གྲངས་ལག་ལེན་བསྟར་ཏེ། ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་བཏང་ཡོད། “དེ་སྔ་ཁྱིམ་ཚང་ཚང་མའི་སྒོ་རའི་ནང་ནོར་ལུག་བཏགས་ཡོད་པས་དྲི་མ་ངན་པོ་ཡོད། ད་ཆ་མི་ཕྱུགས་ལོགས་སུ་དབྱེ་བས་གྲོང་ཚོའི་མཁའ་རླུང་གཙང་དུ་ཕྱིན་ཏེ་སྦྲང་མའང་ཉུང་དུ་ཕྱིན་འདུག”ཅེས་སྤེན་པ་ནོར་བུས་བཤད།
ཟིང་དཀར་གྲོང་ཚོའི་རིག་གནས་ཐང་ཆེན་དུ་སྐྱོད་སྐབས་རྒན་རྒོན་འགའ་ཞིག་རྐུབ་སྟེགས་ཐོག་བསྡད་དེ་ཉི་མ་སྲོ་བཞིན་འདུག སྤེན་པ་ནོར་བུས་ཁོང་ཚོའི་འགྲམ་དུ་སོང་ནས་འཚམས་འདྲི་ཞུས་རྗེས་གསར་འགོད་པར“ས་ཡོམ་རྒྱག་སྐབས་དེ་གར་གུར་གྱིས་ཁེངས་ཡོད། ཁྱེད་ཀྱིས་གཟིགས་དང་། རྐང་རྩེད་སྤོ་ལོའི་ཐང་དང་། ལན་ཆིའུ་སྤོ་ལོའི་ཐང་། ལུས་སྦྱོང་ཡོ་བྱད་བཅས་ཚང་མ་ཡོད། གྲོང་ཚོའི་ནང་ཡུལ་མིས་སྒོ་རྩིས་ཚོང་ཁང་དང་ཟ་ཁང་བཙུགས་པ་མ་ཟད། ད་དུང་སྐྱེལ་འདྲེན་ལས་ལ་གཞོལ་བ་སོགས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།