ཟི་ལིང་གྲོང་ཁྱེར་གྱིས་ཁེ་ལས་སྒྲིག་འཛུགས་བྱས་ནས་ཞ་མོན་དུ་དངོས་མང་སྟོན་ཚོགས་ལ་ཞུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟི་ལིང་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཚོང་རྟགས་སྤུས་རྟགས་དང་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱི་མཚོན་རྟགས་སྤྱོད་པའི་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཞ་མོན་དུ་གཉེར་བའི“2026ལོའི་གོ་ལ་ཧྲིལ་པོའི་སྲོལ་རྒྱུན་བཟའ་བཅའ་དང་འཚོ་བཅུད་ཐོན་རྫས་དངོས་མང་སྟོན་ཚོགས”ལ་ཞུགས་པ་རེད། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་སུ་ཁྱོན་རྣམ་གྲངས་ཁག་21ལ་མིང་རྟགས་བཀོད་ནས་དངུལ་འབོར་སྒོར་ཁྲི་1400ཡི་འདོད་མཐུན་གན་རྒྱ་བཞག་པ་དང་མ་དངུལ་སྒོར་ཁྲི་480དོན་འཁྱོལ་ཐུབ་ཡོད་པ་རེད།
ཟི་ལིང་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་དེ་གཉེར་སྐྱོང་བྱེད་པོར་ཞབས་འདེགས་ཞུ་བ་དང་གྲོང་ཁྱེར་གྱི་སྤུས་རྟགས་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བའི་གོ་སྐབས་སུ་བརྩིས་ནས“ལེགས་ཁྲོད་ལེགས་འདེམས་དང་ཁྱད་ཆོས་མངོན་གསལ་དོད་པའི”རྩ་དོན་གཞིར་བཟུང་། ས་ཁོངས་ཀྱི་མཚོན་བྱེད་རང་བཞིན་དང་། ཐོན་རྫས་ཀྱི་འགྲན་རྩོད་ནུས་པ། སྤུས་རྟགས་ཡར་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་བཅས་ལྡན་པའི་བཟའ་བཅའི་ཁེ་ལས་11བདམས་ནས་འགྲེམས་སྟོན་ལ་ཞུགས་ཤིང་། དེའི་ནང་ནས་ལས་སྣོན་ཞིབ་ཚགས་ཐོན་རྫས་དང་། སྦྲང་རྩིའི་ཐོན་རྫས། པད་སྣུམ་སོགས་ཀྱི་ཁྱད་ལྡན་ཐོན་རྫས་ཚུད་པ་དང་། ཟི་ལིང་གྲོང་ཁྱེར་གྱི“ལྗང་མདོག་དང་། སྐྱེ་ལྡན། བདེ་ཐང”བཅས་ཀྱི་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་མིང་ཤོག་གཅིག་སྡུད་མངོན་པར་བྱས་ཡོད། ཐོན་རྫས་བཤམས་སྟོན་དང་། ས་གནས་ས་ཐོག་ཏུ་མྱོང་དཔྱད། ཡིག་རིས་བརྙན་ལམ། ཐད་གཏོང་མཉམ་འགུལ་སོགས་ཀྱི་བྱ་ཐབས་བརྒྱུད། ཟི་ལིང་གི་སྲོལ་རྒྱུན་བཟའ་བཅའི་ལག་ཤེས་བཟོ་རྩལ་དང་འཚོ་བཅུད་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་གསོན་ཉམས་དོད་པོས་མངོན་པར་བྱས་པ་དང་། ཁྲོམ་རའི་ལྟ་འདོམས་ལས་དོན་མི་སྣ་བརྒྱུད་རིམ་ཧྲིལ་པོར་བཅའ་སྡོད་དང་། ཁེ་ལས་དང་ཚོང་པ་འབྲེལ་མཐུད་ལ་གཞོགས་འདེགས། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ཚོང་འགུགས་མཉམ་ལས་སྤེལ་རེས་སོགས་ཀྱི་ལས་དོན་སྤེལ་ཡོད། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ལ་བརྟེན་ནས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། སྤུས་རྟགས་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ། མཉམ་ལས་ཀྱི་འདོད་འདུན་འཇོག་པ་བཅས་ཀྱི་ཐད་ཟི་ལིང་གི་ཚོང་རྟགས་སྤུས་རྟགས་ཁེ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།