“ཀྲུང་གོའི་སྨན་པས་ངའི་མིག་ཤེད་སླར་གསོ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”
—— པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི“འོད་སྣང་བྱ་སྤྱོད”ཀྱི་བྱེད་སྒོའི་སྐོར་བཀོད་པ།

ཉེ་ཆར། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་མིག་ནད་ཚན་ཁག་གི་སྨན་པ་བསོད་ནམས་མཚོས(གཡོན་གྱི་དང་པོ)པུ་རུན་ཏིའི་དཔལ་འབྱོར་རྒྱལ་ས་པུ་ཅུམ་པུ་རུའི་དགེ་སྒྲུབ་ལཱ་ཁང་མིག་ནད་ཚན་ཁག་ལྟེ་གནས་སུ་ས་གནས་དེ་གའི་སྨན་པ་དང་མཉམ་དུ་གཤགས་བཅོས་བྱེད་བཞིན་པ།

ཉེ་ཆར། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ཡོན་ཀྲང་ལི་ཤིན་ཀྲང་གིས་པུ་རུན་ཏིའི་དཔལ་འབྱོར་རྒྱལ་ས་པུ་ཅུམ་པུ་རུའི་དགེ་སྒྲུབ་ལཱ་ཁང་མིག་ནད་ཚན་ཁག་ལྟེ་གནས་སུ་ནད་པར་ནད་བརྟག་སྨན་བཅོས་བྱེད་བཞིན་པ།
པུ་རུན་ཏིའི་དཔལ་འབྱོར་རྒྱལ་ས་པུ་ཅུམ་པུ་རུའི་དགེ་སྒྲུབ་ལཱ་ཁང་མིག་ནད་ཚན་ཁག་ལྟེ་གནས་ཀྱི་སྨན་བཅོས་ཁང་དུ། ཀྲུང་གོའི་སྨན་པ་ཞིག་གིས་ནད་པའི་མིག་རས་དལ་གྱིས་བཀྲོལ་རྗེས་མཛུབ་མོའི་གྲངས་ཀ་སྟོན་པར། ནད་པས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་གྲངས་ཀ་ངོས་འཛིན་དང་ལན་ཡང་དག་རྒྱག་ཐུབ་ཡོད། དེ་ཐོག་ནས་ནད་པའི་མིག་ཤེད་སླར་གསོ་ཐུབ་པ་མཚོན་གྱི་ཡོད།
དེ་ནི་མི་རིང་བའི་གོང་སྤེལ་བའི་པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི(མཚོ་སྔོན)“འོད་སྣང་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་ཞིང་། གུ་དོག་པའི་བར་ཁྱམས་སུ་མི་ཚོགས་ཀྱིས་ཁེངས་པའི་ཁྲོད་ཀྱི་མི་མི་ཉུང་བ་ཞིག་ནི་སྐྱ་འགྲིབ་གཤགས་བཅོས་བྱས་རྗེས་བསྐྱར་དུ་བརྟག་དཔྱད་ལ་ཡོང་བ་ཞིག་རེད།
པུ་རུན་ཏིར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་24པའི་རུ་དཔོན་ལིའུ་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་24པ་དང་མཉམ་འབྲེལ་བྱས་ནས། དགེ་སྒྲུབ་ལཱ་ཁང་མིག་ནད་ཚན་ཁག་ལྟེ་གནས་དང་པུ་ཅུམ་པུ་རུ་གྲོང་ཁྱེར་གྱི་རྒྱལ་སྲས་རྒན་པའི་སྨན་ཁང་དུ་སྐྱ་འགྲིབ་ཕོག་པའི་ནད་པ་300ཙམ་ལ་གཤགས་བཅོས་བྱས་པ་རེད། ལོ་35ལ་སླེབས་པའི་ཡཱ་སྨི་ནཱ་ཡང་གཤགས་བཅོས་ལམ་ལྷོངས་བྱུང་བའི་ནད་པ་དེ་དག་གི་གྲས་ཤིག་ཡིན་ཞིང་། ཁོང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ། “ཀྲུང་གོའི་སྨན་པས་ངའི་མིག་ཤེད་སླར་གསོ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད།
ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་མིག་ནད་ཚན་ཁག་གི་སྨན་པ་ཝུའུ་ཅོན་གྱིས་གསར་འགོད་པར། པུ་རུན་ཏི་ནི་ཐིག་དམར་དང་ཐག་ཉེ་བས་སྨུག་ཕྱིའི་འོད་ཟེར་ཆེ་ཙམ་ཡོད་སྟབས། ས་གནས་དེ་གར་སྐྱ་འགྲིབ་ནད་ཐོན་མང་ཞིང་། ནད་པ་མང་པོར་དུས་ཐོག་ཏུ་སྨན་བཅོས་མ་ཐུབ་པས་ནད་གཞི་ཇེ་སྡུག་ཏུ་སོང་བ་དང་། ནད་པ་ཁག་གཅིག་ལ་སྐྱ་འགྲིབ་ཕུད་ད་དུང་མིག་ནད་གཞན་ཡོད་པས་གཤགས་བཅོས་བྱེད་ཁག་པོ་ཡོད། ས་གནས་དེ་གའི་ནད་པའི་ཁྱད་ཆོས་དང་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཞན་པར་དམིགས་ནས། ཚོགས་པས་ཚད་བརྒལ་སྒྲ་རླབས་གཤེར་འགྱུར་དང་འགྲིབ་སྐྱི་ཕྱི་བཅོས་ཀྱི་བཅོས་ཐབས་གཉིས་གྲ་སྒྲིག་བྱས་ཡོད་ཅེས་བརྗོད།
མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ཡོན་ཀྲང་ལི་ཤིན་ཀྲང་དེ་སྔ་པུ་རུན་ཏིར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ཁག་20པའི་རུ་དཔོན་བྱེད་མྱོང་། ད་ཐེངས་ནི་ཁོང་པུ་རུན་ཏིར་སྨན་བཅོས་རོགས་སྐྱོར་ལ་ཡོང་ཐེངས་གཉིས་པ་རེད། “ས་གནས་དེ་གའི་ནད་པའི་རེ་སྒུག་གིས་ཁེངས་པའི་མིག་ཟུང་མཐོང་རིམ་བཞིན་ངའི་སེམས་ལ་ནད་པ་དེ་བས་མང་བར་སྨན་བཅོས་བྱས་ནས་ཁོང་ཚོར་བདེ་ཐང་དང་འཚོ་བའི་རེ་བ་སྦྱིན་འདོད་པའི་བསམ་ཚུལ་ཁོ་ན་ལས་མི་འདུག”ཅེས་བརྗོད།
པུ་རུན་ཏིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲུའུ་ཁེ་ཝུའེ་ཡིས་གསར་འགོད་པར། “འོད་སྣང་བྱ་སྤྱོད”ནི་ཀྲུང་གོ་དང་པུ་རུན་ཏིའི་དབར་ལོ་མང་རིང་འཕྲོད་བསྟེན་མཉམ་ལས་རྒྱུན་མཐུད་གཏིང་ཟབ་བྱེད་པའི་བསྡུས་རིས་ཤིག་ཡིན་ཞིང་། 2016ལོར་ཀྲུང་པུ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས“འོད་སྣང་བྱ་སྤྱོད”རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་བཞག་ཚུན། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་པུ་རུན་ཏི་རུ་ས་གནས་དེ་གའི་སྐྱ་འགྲིབ་ཕོག་པའི་ནད་པ་700ལྷག་ཙམ་ལ་བསྐྱར་མཐོང་གཤགས་བཅོས་བྱས་པ་དང་ཆབས་ཅིག ད་དུང་སྨན་བཅོས་རོགས་སྐྱོར་དང་། ལག་རྩལ་སྤེལ་རེས། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ཡང་སྤེལ་ནས། པུ་རུན་ཏི་ཡི་མིག་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།