“2026·གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐོར་གྱི་མཐོ་རིམ་གླེང་སྟེགས”པེ་ཅིང་དུ་གཉེར་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “2026·གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐོར་གྱི་མཐོ་རིམ་གླེང་སྟེགས”ཟླ་6ཚེས་11ཉིན་དང་ཚེས་12ཉིན་པེ་ཅིང་དུ་གཉེར་རྒྱུ་དང་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་ཁུལ་བརྒྱ་ལྷག་ཙམ་ནས་ཡོང་བའི་ཀྲུང་ཕྱིའི་སྐུ་མགྲོན་400ལྷག་ཙམ་གདན་ཞུས་ལྟར་གླེང་སྟེགས་ལ་ཞུགས་རྒྱུ་རེད།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་བསྐྱོན་སྐབས་ལིན་ཅན་གྱིས། གླེང་སྟེགས་ཀྱིས“ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་། འགྲོ་བ་མིའི་ཐོབ་ཐང་མཉམ་སྤྱོད་བྱེད། 《འཕེལ་རྒྱས་ཀྱི་དབང་ཆའི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ནས་ལོ་ངོ་40འཁོར་བ་དང་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་གི་འདུན་པ་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཕྱི་འབྲེལ་པུས་མཉམ་དུ་གཙོ་གཉེར་བྱས་པ་རེད། འགོ་ཚུགས་མཛད་སྒོ་དང་ཚང་འཛོམས་གྲོས་ཚོགས་ཕུད། གླེང་སྟེགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་འགྲོ་བ་མིའི་ཐོབ་ཐང་གི་དོན་སྙིང་དང་། འཕེལ་རྒྱས་དབང་ཆས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཁྲོད་བཟུང་བའི་གནས་བབ་དང་ནུས་པ། མི་ཐབས་རིག་ནུས་དུས་རབས་ཀྱི་འཕེལ་རྒྱས་ཀྱི་དབང་ཆར་འགན་ལེན་དང་དེའི་འགྲན་སློང་གསར་པ། ལྗང་མདོག་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན། དེང་རབས་ཅན་དང་མིའི་རང་དབང་ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཡན་ལག་གླེང་སྟེགས་ཁག་5བཙུགས་ཡོད་ཅེས་བརྗོད།
“ཕྱོགས་ཁག་གིས‘འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུའི’འདུ་ཤེས་ལ་དམིགས་ནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས《འཕེལ་རྒྱས་ཀྱི་དབང་ཆའི་བསྒྲགས་གཏམ》ནང་བཀོད་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མཉམ་དུ་མངོན་འགྱུར་ཡོང་བར་བྱས་ཏེ། གཞུང་དྲང་དང་། ལུགས་མཐུན། བསྟུན་མཁས་བཅས་ཀྱི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་མ་ལག་ཐུན་མོང་ཐོག་གཏོད་རྒྱུའི་ཐད་ཀྲུང་གོ་ཕྱོགས་ཀྱིས་རེ་སྒུག་བྱེད་བཞིན་ཡོད”ཅེས་ལིན་ཅན་གྱིས་བརྗོད།
འབྲེལ་ཡོད་གསར་འགྱུར།