ལང་ཚོར་རྒྱལ་མཚམས་དབྱེ་བ་མེད། རི་ཀླུང་བརྒལ་བའི་མཛའ་གྲོགས་ཟབ།
—— ཀྲུང་ཨའི་གཞོན་ནུ་ལོ་ཆུང་དབར་མཛའ་གྲོགས་སྤེལ་རེས་དང་མཛའ་གྲོགས་ལྗོན་ཤིང་མཉམ་དུ་བཙུགས་པའི་སྐོར་བཀོད་པ།

འདི་ནི་རྒྱལ་ཁབ་གཉིས་པོའི་སློབ་མས་ལྗོན་ཤིང་ལ་ཆུ་རྒྱག་བཞིན་པ།
དབྱར་དུས་ཀྱི་པེ་ཅིང་དུ་གང་སར་སྔོ་ཐིང་ཐིང་དུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཉིན་ཤས་གོང་། ཨ་རིའི་ཉིའུ་གཡོད་ཨའེ་ཝུན་འཛམ་གླིང་སློབ་གྲྭའི་དགེ་སློབ་དང་བཅས་པ་པེ་ཅིང་གྲོང་ཁྱེར་སློབ་འབྲིང་གཉིས་པའི་ཁྲའོ་དབྱང་སློབ་གྲྭར་འཚམས་འདྲིར་ཡོང་ནས། མཛའ་གྲོཌ་སྤེལ་རེས་དང་མཛའ་གྲོགས་ལྗོན་ཤིང་མཉམ་དུ་བཙུགས་ཏེ། ཀྲུང་ཨའི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་བྱེད་པར་མཐུན་རྐྱེན་གང་ལེགས་སྦྱར་ཡོད།
ད་ཐེངས་ཀྱི་བྱེད་སྒོ་ནི་པེ་ཅིང་གྲོང་ཁྱེར་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པ་ཞིག་ཡིན་ཞིང་། ཨ་རིའི་སློབ་འབྲིང་སློབ་མ་12དང་ཀྲུང་གོའི་སློབ་མས་ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་དང་ཁྱད་ལྡན་སློབ་ཚན་ཉམས་ལེན་སོགས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་བ་མ་ཟད། ཧའེ་ཐང་ལྗོན་ཤིང་སྡོང་རྐང་5མཉམ་དུ་བཙུགས་པ་རེད། ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་བྱེད་རིང་། ཤུགས་རྒྱོབ་ཅེས་པའི་གཅིག་འཇགས་གཉིས་ལངས་ཀྱི་འབོད་སྒྲ་དང་དགའ་འབོད་ཁྲོད་མཛའ་བརྩེ་དེ་བས་ཟབ་ཏུ་ཕྱིན་པ་དང་། དམའ་དབྱིངས་འཕུར་སྐྱོད་ཡོ་བྱད་ཀྱི་སློབ་ཚན་ཐོག་ཀྲུང་ཨའི་སློབ་མས་མི་མེད་འཕུར་སྐྱོད་ཡོ་བྱད་ཀྱི་གྲུབ་ཆའི་དཔྱད་གྲངས་ལ་མཉམ་དུ་སློབ་སྦྱོང་བྱས་པ། ཁྲང་ཞིའི་སློབ་ཚན་ཐོག་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་ཚོས“རི་ཀླུང་མང་པོ་བརྒལ་ནས་ཡོང་། གུས་ལུགས་ལ་བརྟེན་ནས་གྲོགས་པོ་སྒྲིག”ཅེས་པའི་ཁྲང་ཞི་ཐུང་ངུ་མཉམ་དུ་འཁྲབ་སྟོན་བྱས་པ་རེད།
ལོ་14ལ་སླེབས་པའི་མའེ་ཁེ་སི·ཁེ་ལའེ་ཨེན་གྱིས་རྒྱ་ཡིག་སྦྱངས་ནས་ལོ་11སོང་ཡོད་པ་དང་སྔ་དྲོའི་སྤེལ་རེས་བྱེད་སྒོ་བརྒྱུད། ཁོང་གིས་ཀྲུང་གོའི་གྲོགས་པོ་མང་པོ་ཞིག་ངོ་ཤེས་ཡོད། “ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་བརྒྱུད་ང་ཚོའི་བར་ཐག་ཉེ་རུ་ཕྱིན་སོང་། ཚན་རྩལ་སློབ་ཚན་དེས་ཀྱང་ཚོར་སྣང་གསར་པ་ཞིག་སྦྱིན་བྱུང”ཞེས་བརྗོད། ཡང་ཁོང་གིས“ངས་ཨ་ཀྲུང་དབར་གྱི‘ཕིང་ཕང་སྤོ་ལོའི་ཕྱི་འབྲེལ’སྐོར་གྱི་གཏམ་རྒྱུད་གོ་མྱོང་། ད་ཐེངས་ཀྱི་བྱེད་སྒོ་འདི་ཡང་དམངས་ཁྲོད་ཀྱི་སྤེལ་རེས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་བ་ཞིག་རེད་འདུག་པས། ང་ཚོ་སློབ་འབྲིང་སློབ་མ་ཕན་ཚུན་དབར་སྤེལ་རེས་མང་དུ་འགྲོ་བ་དང་ཕན་ཚུན་རྒྱུས་ལོན་བྱེད་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་གསར་འགོད་པར་བརྗོད།
པེ་ཅིང་གྲོང་ཁྱེར་སློབ་འབྲིང་གཉིས་པའི་ཁྲའོ་དབྱང་སློབ་གྲྭའི་དུས་བཞིའི་ལྡུམ་རའི་ནང་རྒྱལ་ཁབ་གཉིས་པོའི་སློབ་མ་ཚོས་མཉམ་དུ་ས་རྒྱོང་བ་དང་། ཆུ་རྒྱག་པ། སྡོང་རྐང་བརྟན་དུ་གཏོང་བ་བཅས་བྱས་ནས་ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་མཛའ་གྲོགས་ལྗོན་ཤིང་མཉམ་དུ་བཙུགས་ཡོད། གསར་དུ་བཙུགས་པའི་ཧའེ་ཐང་ལྗོན་ཤིང་དག་དྲོད་འཇམ་ཉི་འོད་འོག་ཡལ་འདབ་རྒྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། “སྡོང་ཕྲུག་ཆེན་པོ་ཆགས་སྲིད་པ་བཞིན་ང་ཚོའི་འབྲེལ་བའང་དེ་བཞིན་ཟབ་ཏུ་འགྲོ་ངེས་རེད། ལྗོན་ཤིང་འཛུགས་པ་དེ་ལས་འབྱུང་འགྱུར་མཚོན་གྱི་ཡོད་ལ། དེ་ལས་ཁོར་ཡུག་ལེགས་སུ་འགྲོ་ཐུབ་པ་མ་ཟད། མཛའ་གྲོགས་ནམ་ཡང་གནས་ཐུབ་པ་མཚོན་གྱི་ཡོད”ཅེས་མའེ་ཁེ་སིས་བརྗོད།
འབྲེལ་ཡོད་གསར་འགྱུར།