ཧྲང་ཧའེ་ཡིས“གཙང་པོ་གཅིག་དང་ཆུ་བོ་གཅིག”རྒྱུད་ཀྱི་སྤྱི་པའི་བར་མཐོངས་ལ་རྒྱུན་མཐུད་སྒྱུར་བཀོད་རིམ་སྤོར་བྱས་པ།
ཕྱེ་ལེབ་མཚོ་ཁུག་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དེ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ།
གུང་ཚིགས་སྐབས་སུ་ཧྲང་ཧའེ་ཅིང་ཨན་ཆུས་ཕྱེ་ལེབ་མཚོ་ཁུག་གི་ཕྱེ་ལེབ་བཟོ་ཁང་སྡེ་ཁུལ་གྱི་ཟ་ཁང་ནས་ལྟོ་ཆས་ཀྱི་དྲི་ཞིམ་འཐུལ། ཕུན་སུམ་ཚོགས་པའི་ཟས་རིགས་ལས་གྲོང་མིའི་ཡིད་དབང་བཀུག་ནས་གཅིག་རྗེས་གཉིས་མཐུད་ངང་དེ་གར་ལྟོ་ཆས་ཟ་བར་ཡོང་བ་དང་རྒྱུན་གཏན་གྱི་སྐུ་མགྲོན་མི་ཉུང་བ་ཞིག་གིས་ཞིམ་ཟས་ཐུམ་སྒྲིལ་བརྒྱབ་ནས་ཁྱིམ་དུ་འཁྱེར་གྱི་ཡོད།
ཟ་ཁང་གི་འགྲམ་དུ་ནི་མི་དམངས་འཐུས་ཚོགས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་གཞི་རིམ་གྱི་ལག་ལེན་ས་ཚིགས་ཡིན་པ་དང་། དེ་གར་མི་དམངས་ཀྱི་བསམ་འཆར་བསྡུ་ལེན་དང་། སྡེ་ཁུལ་གྱི་འདུམ་འགྲིག བྱིས་པའི་དོན་གྲོས་ཁང་སོགས་ཀྱི་བྱེད་ནུས་མཉམ་འདྲེས་བྱས་ཡོད། “ལག་ལེན་ས་ཚིགས་ནི་ཏང་དང་མང་ཚོགས་ཀྱི་གཡུལ་ས་ཡིན་ལ་མང་ཚོགས་ཁྲོད་གཞི་ཚུགས་པ་དང་དགོས་མཁོར་གཞིགས་ནས་ཞབས་འདེགས་ཞུ་བའི་དམངས་འཚོའི་ལས་སྟེགས་ཤིག་ཀྱང་རེད”ཅེས་ཅིང་ཨན་ཆུས་ཧྲི་མོན་ལམ་གཉིས་པའི་ཁྲོམ་གཞུང་གི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བ་ཧོ་ཧན་ཆིང་གིས་བཤད།
2019ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས“གྲོང་ཁྱེར་ནི་མི་དམངས་ཀྱི་གྲོང་ཁྱེར་ཡིན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་ནི་མི་དམངས་ཀྱི་ཆེད་དུ་ཡིན”ཞེས་དང“མི་དམངས་ལ་ཐོབ་སྣང་དེ་བས་མང་བ་ཡོང་བ་དང་མི་དམངས་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས”ཞེས་གསུངས་པ་རེད། 2020ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་30འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག“གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་བདེ་སྡོད་བྱ་རྒྱུ་ཨང་དང་པོར་འཇོག་པ་དང་ཐོན་ཁུངས་ཡག་ཤོས་མི་དམངས་ལ་འཇོག་དགོས”ཞེས་གསུངས་པ་རེད།
ཕྱེ་ལེབ་མཚོ་ཁུག་ནི་སུའུ་ཀྲོའུ་ཆུ་བོ་དང་འབྲེལ་བའི་མཚོ་འགྲམ་གྱི་སྤྱི་སྤྱོད་ས་ཁོངས་ཤིག་ཡིན། ཉི་འོད་འོག་ཆུ་ངོས་སུ་རླབས་ཕྲན་ལ་འོད་ཆེམ་ཆེམ་འཕྲོ་བ་དང་། མེ་ཏོག་སོས་པ་སྔོ་ལྗང་གིས་བསྐོར་བ། “ཕྱེ་ལེབ་མཁར་རྫོང”དང་། “ཁྱིམ་མཚེས་ཐོག་ཁང” “ཆུ་ཤེལ་ཕོ་བྲང”བཅས་གསར་བརྗེས་རིམ་སྤོར་བྱས་པའི་སྐྲུན་དངོས་སྟར་པ་གསུམ་སྤེལ་མར་ཆགས་ཤིང་། སྤྱི་གླིང་གི་དབུས་སུ་ལན་ཆིའུ་སྤོ་ལོའི་ཐང་དང་། རྐང་རྩེད་སྤོ་ལོའི་ཐང་། སྤྲོ་གསེང་རྐང་ཐང་ལམ། ཟམ་འོག་གི་བར་མཐོངས་སོགས་ཚུད་པའི་ཕྱེ་ལེབ་མཚོ་ཁུག་སྤྱི་གླིང་གནས་ཡོད། དེ་གར་ཐུར་ལྟ་བྱེད་སྐབས། གཙང་འགྲམ་དུ་ལྡེམ་ལྡེམ་འཁྱུག་འཁྱུག་ཏུ་འཕུར་བའི་ཕྱེ་མ་ལེབ་དང་འདྲ་བའི་སྔོན་ཆད་ཀྱི་མིང་མེད་ཆུ་ཁུག་དེར་དུས་དེ་ནས་བཟུང་གྲོང་མིས་ཕྱེ་ལེབ་མཚོ་ཁུག་ཅེས་འབོད་ཀྱི་ཡོད། དེ་གར་ལྕགས་རི་མེད་པ་དང་རྒན་དར་གཞོན་གསུམ་འཆམ་མཐུན་མཉམ་གནས་དང་སྒོ་དབྱེ་མཉམ་སྤྱོད་བྱེད་ཅིང་། སྐྲུན་དངོས་སྟར་པ་གསུམ་ནང་ཚུད་པའི་བྱེད་ནུས་བར་མཐོངས་32ཚང་མ་ཁང་མིག་གཅིག་གིས་འཐུས་པ་དང་། ཉིན་མོ་གཞུང་ལས་ཁང་དུ་ཚོགས་འདུ་ཚོགས་པ་དང་ཕ་མ་བུ་ཕྲུག་མཉམ་དུ་དཔེ་དེབ་ལྟ་ཀློག་བྱེད་ས་ཡིན་ལ། ཉིན་དགུང་དམངས་བདེའི་ཟ་ཁང་དང་ངལ་གསོ་ཁུལ་རེད། སྡེ་ཁུལ་གྱི་གྲོས་བསྡུར་བྱ་ཡུལ་དང་སྤྱི་ཕན་སློབ་ཁང་ཡང་དེ་གར་བཙུགས་ཡོད།
མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་ནན་ཏན་བྱས་ཏེ་ཕྱེ་ལེབ་མཚོ་ཁུག་གི་མཚོ་འགྲམ་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཀྱིས་ཁྱབ་ཁོངས་ལས་བརྒལ་བ་དང་། སྡེ་ཚན་ལས་བརྒལ་བ། རིམ་པ་ལས་བརྒལ་བ་བཅས་ཀྱི“གསུམ་བརྒལ”བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱ་རྒྱུར་དམིགས་ནས་ཁྲོམ་གཞུང་ཨུ་ལྷན་དང་། ཐོག་ཁང་ལས་དོན་ལྷན་ཚོགས། གཞིས་བདག་ཨུ་ལྷན་སོགས་ཀྱི་ལས་སྟེགས་ཤར་གཏོང་བྱས་ཏེ་དྲ་མིག་ཅན་གྱི་ཏང་འཛུགས་སྐྱོང་གི་མཐུན་སྦྱོར་ལམ་སྲོལ་བཙུགས་ཡོད། དགོས་མཁོ་དམངས་ལ་འདྲི་བ་དང་ཁྲོམ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་ཟླ་རེར་འཚམས་འདྲི་བྱེད་པ། ཚོང་དུད་ཀྱི་རེ་ཞུ་རྒྱུད་ཁོངས་ནས་གཅིག་སྡུད་བྱེད་པ། “དམར་མདོག་དང་། ལི་མདོག སེར་མདོག སྔོ་མདོག ལྗང་མདོག”བཅས་ཀྱི་ཉེན་ཟོན་སྔོན་བརྡའི་རི་མོ་སྣ་ཚོགས་སྤྱད་དེ་ལས་རིམ་དང་འགན་འཁྲི་གསལ་འགོད་ཀྱིས་མདོང་ལམ་འགག་པ་དང་། སྣུམ་དུད་ཀྱིས་མང་ཚོགས་ལ་སུན་པོ་བཟོ་བ། ཐོག་ཁར་ཆུ་འཛག་པ་སོགས་ཀྱི་དཀའ་གནད་མང་པོ་མཉམ་འགུལ་ངང་ཐག་གཅོད་བྱས་ཡོད།
ཧྲི་མོན་ལམ་གཉིས་པའི་ཁྲོམ་གཞུང་དྲ་རྒྱའི་རང་སྨྱན་སྦྱོར་མནའ་འབྲེལ་ལས་རིགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཁུང་ཞའོ་ཧྥུང་གིས་དྲ་རྒྱའི་པོད་བདག་མང་པོ་གདན་དྲངས་ནས་དྲ་ཐོག་ཐད་གཏོང་ཁང་བཙུགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་ཇུས་གསལ་འགྲེལ་དང་སྤྱི་ཕན་ཚན་རིག་ཁྱབ་གདལ་བཏང་བ་རེད། “ཐེངས་ཤིག་རུས་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སྒལ་ཚིགས་བདེ་ཐང་སྐོར་གླེང་བར་དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་3ལྷག་ཙམ་ཟིན་ཡོད”ཅེས་ཁུང་ཞའོ་ཧྥུང་གིས་བཤད།
ལས་ཞུགས་གསར་པའི་ཚོགས་སྤྱིའི་དགོས་མཁོར་དམིགས་ཏེ་ཕྱེ་ལེབ་མཚོ་ཁུག་ཏུ་ལས་ཞུགས་གསར་པའི་ཚོགས་སྤྱིར་ཞབས་འདེགས་ཞུ་བའི་གཅེས་སེམས་ས་ཚིགས་ནས་ཝེ་པོ་ཚ་ཐབ། འཁྱག་སྒམ། གློག་གསོག་སྒྲིག་ཆས། འཕྲལ་སྡོམ་སྨན་སྒམ་བཅས་གང་དགོས་མཁོ་འདོན་བྱས་ཡོད་པ་རེད། གྱང་ངོས་སུ“སྐར་མ་གཅིག་ལ་གསང་སྤྱོད་རྙེད”ཅེས་པའི་དམངས་ཕན་ས་བཀྲ་སྦྱར་ཡོད་པ་དང་ཆུ་ཚོད་24ཡི་རིང་གི་གཟུགས་པོ་འཁྲུ་ས་ཡོད། “དཀའ་ལས་ཁག་ན་ངལ་གསོ་རྒྱག་ས་ཡོད་ལ་ཁ་སྐོམ་ན་ཆུ་འཐུང་རྒྱུ་ཡོད་པས་འདི་གར་ནི་ང་ཚོའི་ཁྱིམ་གཞིས་དྲོན་མོ་ཡིན”ཞེས་མངགས་སྐྱེལ་བ་ཝང་ཧྲུའུ་ཝུའེ་ཡིས་གད་མོ་འཚེར་འཚེར་ངང་བཤད།
སུའུ་ཀྲོའུ་མཚོ་ཁུག་གི་གང་སར་གཏམ་རྒྱུད་ཤོད་རྒྱུ་ཡོད་ཅིང་། དེ་སྔའི་སྡོད་ཁང་སྐྱོ་ཁུལ་ནས་ད་ཆའི་དེང་རབས་ཅན་གྱི་འཚོ་སྡོད་བྱ་རྒྱུར་འཚམ་པའི་སྡེ་ཁུལ་བར་དང་། དེ་སྔའི“ཆུ་འགྲམ་རྒྱུད་དུ་ཆུ་བོ་མཐོང་རྒྱུ་མེད་པ”ནས་ད་ཆའི“ཆུ་བོ་འགྲམ་དུ་རྒྱུག་པའི”བར་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་ཡོད། 2017ལོར་ཧོང་ཕུའུ་གཙང་པོའི་ལྟེ་བའི་དུམ་བུའི་སྤྱི་ལེ་45ཡི་གཙང་འགྲམ་ལམ་ཤར་གཏོང་ཐུབ་པ་དང་། 2020ལོར་སུའུ་ཀྲོའུ་གཙང་པོའི་ལྟེ་བའི་གྲོང་རྡལ་དུམ་བུའི་ངོགས་གཉིས་ཀྱི་སྤྱི་ལེ་42ཀྱི་ལམ་སྤྱིར་ན་ཤར་གཏོང་ཐུབ་ཡོད། ད་ཆ“གཙང་པོ་གཅིག་དང་ཆུ་བོ་གཅིག”གི་ངོགས་གཉིས་ལམ་རྒྱུད་ཤར་གཏོང་ཐུབ་ཚད་སྤྱི་ལེ་100ལྷག་ཙམ་ཟིན་ཡོད།
“ཕྱེ་ལེབ་མཚོ་ཁུག”ཙམ་མ་ཟད་ཕུའུ་ཏུང་གི“གཙང་གཟིགས་ས་ཚིགས”དང་། ཞུས་ཧུའེ་ཡི“ཆུ་ངོགས་འདུས་ཚོགས”ལ་སོགས་ཧྲང་ཧའེ་ཡི“གཙང་པོ་གཅིག་དང་ཆུ་བོ་གཅིག”གི་ལམ་རྒྱུད་དུ་རང་སོ་སོའི་ཁྱད་ཆོས་ལྡན་པའི་སྤྱི་པའི་བར་མཐོངས་བརྒྱ་ལྷག་ཙམ་བསྐྲུན་ཟིན་ནས་ཁོར་ཡུག་མཛེས་ལ་སྐྱིད་སྣང་དོད་པ་དང་། ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་བ། མི་དམངས་བདེ་སྡོད་ཐུབ་པ་བཅས་བྱུང་ཡོད། གཙང་པོ་དང་ཆུ་བོའི་འགྲམ་རྒྱུད་ཀྱི་འཕོ་འགྱུར་ལས་གྲོང་ཁྱེར་ཞིག་གི་སྐྱིད་སྣང་དང་ཐོག་མའི་བསམ་འདུན་མངོན་པ་སྟེ། ཐོན་ཁུངས་ཡག་ཤོས་མི་དམངས་ལ་བཞག་ནས་མི་དམངས་ལ་གྲོང་ཁྱེར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།