ཚན་རྩལ་གྱིས་རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་ལ་མཐུན་རྐྱེན་སྦྱར་བ།
དབྱར་འབྲུ་བསྡུ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་དབྱར་འབྲུ་ཉོ་སྒྲུབ་ཀྱང་ལྷོ་ནས་བྱང་དུ་གཅིག་རྗེས་གཉིས་མཐུད་ངང་བྱེད་བཞིན་ཡོད། ཟླ་5པའི་ཟླ་དཀྱིལ་དང་ཟླ་སྨད་ཚུན་དུ། ས་ཆ་མང་པོར་གནམ་འཐིབས་ནས་ཆར་པ་བསྟུད་མར་བབས་ཤིང་། ཆར་པ་བབས་པའི་གནམ་གཤིས་ལས་དབྱར་འབྲུར་ཤུགས་རྐྱེན་ཐེབས་པར་ཁ་གཏད་གཅོག་ཆེད། ས་ཆ་མང་པོར་སྲོ་སྐམ་གཏོང་བ་དང་འབྲུ་མཛོད་གྲ་སྒྲིག་ཧུར་ཐག་བྱེད་ཀྱི་ཡོད།
ཧུའུ་པེ་ཞིང་ཆེན་ཐེན་མོན་གྲོང་ཁྱེར་ཀྲོང་ཕིན་ཅན་ཁེ་ལས(ཚོགས་པ)ཚད་ཡོད་ཀུང་སིར་གྲོ་བྱུར་བུར་བླུགས་པའི་ལྗིད་ཐེག་རླངས་འཁོར་གཅིག་རྗེས་གཉིས་མཐུད་ངང་ཡོང་ཞིང་། ས་གནས་དེ་གའི་འབྲུ་འདེབས་དུད་ཆེན་ཚུའེ་ཧུང་པོས་གྲོ་བསྡུས་མ་ཐག་ཡིན་པ་དང་། ཁོང་གིས“གྲོ་ཞིང་མུའུ་30ལྷག་ཙམ་ལ་གྲོའི་ཐོན་འབབ་རྒྱ་མ་ཁྲི་2ལྷག་ཙམ་ཟིན་པ་དང་། ཉོ་སྒྲུབ་རིན་གོང་རྒྱ་མ་རེར་སྒོར་1.25ཡིན་པས་སྤྱིའི་ཆ་ནས་ན་ནིང་དང་འདྲ་པོ་འདུག”ཅེས་བཤད།
ད་ལོ་གྲོ་ཉོ་སྒྲུབ་བྱེད་རིང་ཆར་ཆུའི་ཤུགས་རྐྱེན་ཐེབས་ནས་རྒྱུན་གཏན་ཆུ་ཚོད་12ཙམ་ལ་སྲོ་སྐམ་ཐུབ་པའི་གྲོར་ད་ཆ་ཆུ་ཚོད་15ནས་18བར་དགོས་ཀྱི་ཡོད་ཅིང་། ཀྲོང་ཕིན་ཅན་ཀུང་སིས་ཉིན་རེར་ཏུན་8000སྲོ་སྐམ་གཏོང་ཐུབ་པའི་སྒྲིག་ཆས་སྤྱོད་འགོ་བཙུགས་ནས་ཆུ་ཚོད་24རིང་ལས་ཀ་བྱེད་ཀྱི་ཡོད། སྤྱི་ཁྱབ་ཅིང་ལི་ཝུའུ་ཀྲེ་ཞུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཀུང་སིས་སྲོ་སྐམ་དང་། གཙང་སེལ། ལས་སྣོན་སོགས་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་གྲངས་གཞི་ཅན་གྱི་སྒྱུར་བཀོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་ཐོན་ལས་འཁོར་འབྲེལ་ལ་རིག་ནུས་ཀྱི་མཐུན་རྐྱེན་སྦྱར་བ་དང་ཁྱབ་ཁོངས་ཡོངས་ལ་ཁྱབ་ཡོད། “དེ་སྔ་འབྲུ་རིགས་སྲོ་སྐམ་གཏོང་བར་མི་ཐབས་ལ་བརྟེན་ནས་དུས་བཀག་ལྟར་མ་དཔེ་ཟུར་ལེན་གྱིས་ཞིབ་དཔྱད་ཚད་ལེན་བྱས་ནས་བཞའ་ཚད་ལ་ལྟ་དགོས། ད་ལྟ་རིག་ནུས་སྒྲིག་ཆས་ཀྱིས་རང་འགུལ་ངང་བཞའ་ཚད་ངོས་བཟུང་ཐུབ”ཅེས་ཀུང་སིའི་སྤུས་ཚད་ཞིབ་བཤེར་ཁོའོ་ཡི་ཁོའོ་ཀྲང་ལིའུ་ཤོན་གྱིས་ངོ་སྤྲོད་བྱས།
ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་འབྲུ་རིགས་གསོག་ཉར་ཚད་ཡོད་ཀུང་སི་ལེང་ཀྲུའུ་ཡན་ལག་ཀུང་སིའི་ཉོ་སྒྲུབ་ལས་དོན་ཉིན་ཤས་གོང་མཇུག་འགྲིལ་བ་དེ་ནི་འཕྲུལ་ཆས་ཅན་མཐོ་རུ་ཕྱིན་པ་དང་གྲངས་འཛིན་ཅན་གྱི་མ་ལག་བཀོལ་སྤྱོད་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། ད་ལོའི་ཉོ་སྒྲུབ་ཀྱི་མྱུར་ཚད་ན་ནིང་གི་དུས་མཚུངས་ལས་མགྱོགས་པ་ཡོད་པ་རེད།
འབྲུ་རིགས་སྲོ་སྐམ་མྱུར་པོ་བཏང་རྗེས་བདེ་འཇགས་ངང་མཛོད་འཇུག་བྱ་རྒྱུ་ནི་འགག་སྒོ་དང་པོ་ཡིན་ལ། གསོག་ཉར་བདེ་འཇགས་ཀྱིས་ལྟོ་ཕོར་བརྟན་པོ་བཟུང་བའི་ནུས་པར་དེ་བས་ཚོད་བགམ་བྱེད་ཀྱི་ཡོད།
ལེང་ཀྲུའུ་ཡན་ལག་ཀུང་སིའི་ཅིང་ལི་ཀྲོའུ་ཧའེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་གཅིག་ནས་གསོག་ཉར་ཀུང་སིར་མཛོད་འཇུག་དང་། སྤུས་ཚད་ཞིབ་བཤེར། བསྡོམས་རྩིས་བཅས་ནས་མཛོད་འདོན་བར་གྱི་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུབ་དོ་དམ་ཐུབ་པ་དང་། སྤུས་ཚད་ཞིབ་བཤེར་གྱི་གྲངས་གཞི་དུས་ཐོག་ཏུ་དྲ་ཐོག་བསྐུར་བ་དང་རང་འགུལ་ངང་གཤིབ་བསྡུར་བྱས་ནས་སྐྱོན་ཡོད་ན་དུས་ཐོག་ཏུ་ཉེན་བརྡ་གཏོང་གི་ཡོད། ཕྱོགས་གཞན་ཞིག་ནས་འབྲུ་རིགས་གསོག་འཇོག་ལག་རྩལ་དེ་བས་ཞིབ་ཚགས་པ་དང་མཛོད་ཁང་དུ་ལོ་འཁོར་མོར་དྲོད་ཚད་དམའ་པོ་རྒྱུན་འཁྱོངས་ཐུབ་སྟེ་འབུ་རྒྱག་མི་སྲིད་པ་མ་ཟད། ཏན་རླུང་སྙོམས་སྒྲིག་བྱེད་ཐབས་སྤྱད་དེ་དངོས་ཁམས་ལ་བརྟེན་ནས་འབུ་གསོད་ཐུབ་པས་དེ་བས་གནོད་མེད་དང་ཁོར་ཡུག་སྲུང་སྐྱོང་ཐུབ་ཀྱི་ཡོད།
ད་ལོའི་རྒྱལ་ཡོངས་ཀྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཚན་རྩལ་བྱེད་སྒོའི་གཟའ་འཁོར་རིང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཕུལ་བྱུང་ཚན་རྩལ་གྲུབ་འབྲས་དང་ཉེར་སྤྱོད་དཔེ་མཚོན་130ལྷག་ཙམ་ཡོངས་བསྒྲགས་བྱས་པ་རེད། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཚན་རིག་ཞིབ་འཇུག་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་སུན་ཧུའེ་ཡིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་སྲུང་སྐྱོང་ཡག་པོ་བྱ་ཆེད་ཚན་རྩལ་གྱི་འདེགས་སྐྱོར་དེ་བས་ནུས་ལྡན་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།