ཞིང་ཐང་ཡངས་པོར་ལོ་ལེགས་བྱུར་བུར་བཏམས། འབད་འབུངས་ཡར་བརྩོན་རྣམ་པ་གསར་པར་ཕྱོགས།
ལྷོ་ཁ་ས་བསྒྱུར་གྲོང་འཛུགས་བྱས་ནས་ལོ་བཅུ་སོང་རིང་ཟངས་རི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

འདི་ནི་ཟངས་རི་རྫོང་གིས་འོད་ཤུགས་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

འདི་ནི་ཟངས་རི་རྫོང་གིས་སྦྲང་ནོར་བུ་གསོ་བའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་པ།

འདི་ནི་ཟངས་རི་རྫོང་གིས་མངོན་མིན་རིག་གནས་ཉམས་ལེན་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་ཟངས་རི་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པས་ཆུ་ཡུར་དུ་གད་སྙིགས་གཙང་སེལ་བྱེད་བཞིན་པ།

འདི་ནི་ཟངས་རིའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་ཡིན་པ།

འདི་ནི་ཟངས་རི་རྫོང་གིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་འཚོག་བཞིན་པ།

འདི་ནི་འོལ་ཁ་ཆུ་ཚན་ཡིན་པ།

འདི་ནི་ཟངས་རི་རྫོང་གི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ། (གོང་གསལ་གྱི་པར་ཚང་མ་ཟངས་རི་རྫོང་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས)
ཐོན་ལས་གོང་སྤེལ་ལས་རིགས་སྣ་ཚོགས་དར། གྲོང་ཁྱེར་གྲོང་གསེབ་རྣམ་པ་གསར་པར་གྱུར།
བགྲང་བྱ་བཅུ་ཡི་འབད་འབུངས་ལས། གཡུར་དུ་ཟ་བའི་གྲུབ་འབྲས་བཏོད། 2016ལོའི་ཟླ་5པར་ལྷོ་ཁ་གྲོང་ཁྱེར་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། བགྲང་བྱ་བཅུའི་རིང་། ཟངས་རི་རྫོང་གིས“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ། རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2016ལོའི་སྒོར་དུང་ཕྱུར་11.68ནས་2025ལོའི་སྒོར་དུང་ཕྱུར་30.51བར་འཕར་ཏེ་ལོར་ཆ་སྙོམས་འཕར་ཚད་11%ཡན་ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་ལོར་ཆ་སྙོམས་སྒོར་དུང་ཕྱུར་20ཡན་ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2016ལོའི་སྒོར་9800ལྷག་ཙམ་ནས་2025ལོའི་སྒོར་26069བར་འཕར་བ་བཅས་བྱུང་ནས། ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།
ད་ཆ། མཐུན་སྒྲིལ་འབྱོར་ཕྱུག་དང་། ཤེས་དཔལ་ཞི་མཐུན། མཛེས་སྡུག་བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཟངས་རི་གསར་པ་ཞིག་རིམ་བཞིན་མངོན་བཞིན་ཡོད།
བགྲང་བྱ་བཅུའི་རིང་། ཟངས་རི་རྫོང་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། རྫོང་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་2016ལོའི་སྒོར་ཁྲི་7600ནས་2025ལོའི་སྒོར་དུང་ཕྱུར་2.45བར་འཕར་བ་དང་། རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་ཕྱིན་ནས་ཟངས་རིའི“གསེར་མདོག་མིང་བྱང”དུ་གྱུར་ཏེ། འདེབས་ཁྱོན་མུའུ་ཁྲི་དང་འབྲས་བུ་བཏགས་ཁྱོན་མུའུ་6300ལྷག་ཙམ་ཟིན་པར་རིམ་རྩིས་བརྒྱབ་ན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.6དང་། ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་0.45བྱུང་ཡོད།
ལྗང་མདོག་བཟོ་ལས་དང་ནུས་རྒྱུ་གཙང་མ་མཉམ་དུ་འཕེལ་རྒྱས་བཏང་བའི་ཐད། ཟངས་རི་རྫོང་ལྗང་མདོག་ཨར་སྐྲུན་རྒྱུ་ཆའི་ཐོན་ལས་གླིང་ལྷོ་ཁའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁྱབ་ཁོངས་སུ་བཅུག་ཡོད། སྣེ་འདྲེན་ཁེ་ལས་ཀྱི་རིག་ནུས་ཅན་དང་ཐཱན་ཉུང་ཅན་གྱི་ལག་རྩལ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་ཏེ་གད་སྙིགས་མེར་བསྲེགས་ནས་གློག་གཏོང་བ་དང་། སྙིགས་རོ་ནོར་བུར་སྒྱུར་བ། སར་སྦས་མི་གཏོང་བ། ཚང་མ་བེད་སྤྱོད་ཐུབ་པ་བྱས་ཡོད། འོལ་ཁ་ཆུ་ཚན་དེ་རྒྱལ་ཁབ་ཀྱི་A3རིམ་པའི་མཛེས་ལྗོངས་ཁུལ་དང་། རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ། ཡུལ་སྐོར་བདེ་ཐང་རྟེན་གཞི་བཅས་སུ་བཏོད་པ་མ་ཟད། གཟི་བྱིན་བླ་མཚོ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་གསར་གཏོད་དང་གསེར་མདོག་གི་ཟངས་རིའི་རིག་གནས་ཡུལ་སྐོར་གྱི་སྟོན་མོ་ཉིན་རེ་བཞིན་འཁྲུག་ཏུ་བཏང་སྟེ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་རགས་ཙམ་ཆགས་པར་བྱས་ཡོད།
དམངས་འཚོའི་ཉི་ཟེར་དམངས་སེམས་དྲོས། བདེ་སྐྱིད་སྤྲོ་སྣང་རབ་ཏུ་རྒྱས།
བགྲང་བྱ་བཅུའི་རིང་། ཟངས་རི་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་བདེ་སྐྱིད་མུ་མཐུད་ཆེ་རུ་བཏང་ནས་འཕེལ་རྒྱས་གྲུབ་འབྲས་ཀྱི་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་པར་བྱས་ཡོད།
ཟངས་རི་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུ་དེ་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་ཐོན་ལས་དབུལ་སྐྱོར་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད། 2018ལོར་རྫོང་ཡོངས་ཀྱི་དབུལ་ཞྭ་ཕུད་པ་དང་གྲོང་ཚོ་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ཡོད། བགྲང་བྱ་བཅུ་ཡི་རིང་། རིམ་རྩིས་བརྒྱབ་ན་ཐོན་ལས་མ་དངུལ་སྒོར་དུང་ཕྱུར་6.8བཏང་ནས་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་དབུལ་སྒྲོལ་ཐོག་མའི་སྐབས་ཀྱི་སྒོར་3000ཡང་མ་ཟིན་པ་ནས་སྒོར་24000བར་འཕར་བ་དང་། སྲིད་འཛིན་གྲོང་ཚོ་39ཡི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཆ་སྙོམས་སྒོར་ཁྲི་10ལས་བརྒལ་ཡོད།
ཟངས་རི་རྫོང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས་2021ལོར་སྔ་སྣུར་དུ་གྲོང་ཚོའི་ཚད་ལྡན་བུ་བཅོལ་ཁང་ཚང་མར་ཁྱབ་པ་བྱས་ཏེ་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་ཞུགས་བྱེད་ཚད་100%ཟིན་པ་དང་། “ལོ་15ཡི་རིང་སློབ་ཡོན་མི་དགོས་པའི་སློབ་གསོ་དང་འགན་ལེན་གསུམ་གྱི་སྲིད་ཇུས་ཟུང་འབྲེལ་བྱ་རྒྱུ”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕ་མ་དང་མཉམ་སྤོས་ཀྱི་བུ་ཕྲུག་ལ་གྲོང་ཁྱེར་གཅིག་པའི་ཐོབ་ཐང་སྤྲད་དེ་དབུལ་བའི་རྐྱེན་གྱིས་སློབ་གྲྭར་འགྲོ་མི་ཐུབ་པའི་ཕྲུ་གུ་གཅིག་ཀྱང་བྱུང་མེད། རྫོང་ལྟེ་བའི་སྨན་ཁང་དང་སྨན་རྩིས་ཁང་གིས་གཙོས་པའི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྨན་བཅོས་མཉམ་སྡེབ་ཀྱི་ཞབས་ཞུའི་དྲ་རྒྱ་བསྐྲུན་ནས་རང་སྐྱོང་ལྗོངས་ཀྱི་བདེ་ཐང་རྫོང་དང་ཆུས་དང་། གཅོང་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་ཡོད།
སྐྱེ་ཁམས་སྐྱོང་ནས་སྔོ་ལྗང་བསྐྲུན། ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་བརྩམས།
བགྲང་བྱ་བཅུ་ཡི་རིང་། ཟངས་རི་རྫོང་གིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་སླར་གསོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་བཅོས་སྐྱོང་བྱེད་ཟབ་ཏུ་བཏང་བ་དང་། ལྗང་མདོག་གི་བཀྲག་མདངས་ཆེ་རུ་བཏང་སྟེ་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།
ས་ཁོངས་ཧྲིལ་པོའི་བཅོས་སྐྱོང་གིས་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། “ཟང་ཟིང་བཞི་གཙང་སེལ”དང“མ་ཡུམ་གཙང་པོ་སྲུང་སྐྱོང”སོགས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ཕྱོགས་བསྡུས་བཅོས་སྐྱོང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། བོད་ཀྱི་ཨར་འདམ་དོང་ཆེན་ཐོག་མ་དེ་བསྐྲུན་ནས་འཚོ་བའི་གད་སྙིགས་གཙང་སེལ་བྱས་ཏེ་གད་སྙིགས་སར་སྦས་ཀྱི་ལོ་རྒྱུས་མཇུག་འགྲིལ་བས་བཟོ་ལས་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཀ་ཐུབ་ཡོད། རྫོང་རིམ་པའི་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པའི་བཅོས་སྒྲིག་ལས་ཀའི་ལམ་སྲོལ་གསར་གཏོད་དང་ལག་ལེན་བསྟར་ཏེ“མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། མཛེས་སྡུག་ལྡན་པའི་སྒོ་ར་གཏོད་པ། གྱང་རོ་བཅོས་སྒྲིག”བཅས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་ལག་ལེན་གཏིང་ཟབ་བསྟར་བས། 2025ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ཕུལ་བྱུང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་ནས“ཟངས་རིའི་ཉམས་མྱོང”གྲོང་ཁྱེར་ཡོངས་སུ་ཁྱབ་གདལ་བཏང་ཡོད།
འགོ་འཛུགས་ས་གསར་པ་ནས་ཚད་བརྒལ་མཆོང་སྐྱོད་ལ་མུ་མཐུད་གཞོལ་རྒྱུ་ཡིན་ཞིང་། ཟངས་རི་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ཏེ། དངོས་སྒྲུབ་ལ་བརྟེན་ནས་གཟེངས་སུ་ཐོན་པའི་ལེའུ་མུ་མཐུད་བརྩམས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་གསར་པ་ཧུར་ཐག་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།