དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཀོན་ཆུས་ལྷ་ཀླུ་སྡེ་ཁུལ་གྱིས་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-12

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་སྡེ་ཁུལ་ཚོགས་ཆུང་གསུམ་པར་ཡུག་གཅིག་ཏུ་སྦྲེལ་བའི་རང་བསྐྲུན་ཁང་པ་རྙིང་པ་མང་པོ་ཡོད་པ་དང་། སློབ་གྲྭ་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ལྟེ་བའི་ཚོང་སྐོར་དང་ཐག་ཉེ་པོ་ཡོད། དང་ཐོག་འཆར་འགོད་ཡག་པོ་བྱུང་མེད་པ་དང་། སྒེར་འཁོར་ཇེ་མང་དུ་སོང་བ། དམངས་སྲོལ་གནས་ཚང་མང་དུ་ཕྱིན་པ། དགོང་ཞོགས་ཉེ་འཁོར་སློབ་གྲྭའི་འཁྲིས་སུ་མི་ཚོགས་དང་འཁོར་རྒྱུན་མང་བས། རླངས་འཁོར་གང་བྱུང་དུ་འཇོག་པ་དེ་ཁོངས་གཏོགས་ཁུལ་གྱི་ཡུན་རིང་ཐག་གཅོད་དཀའ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། དེ་སྔོན་གཅིག་སྡུད་བཅོས་སྒྲིག་བྱེད་སྐབས་རླངས་འཁོར་གང་བྱུང་དུ་འཇོག་མི་འཇུག་པ་དང་བཀག་རྡོ་སོགས་བཤིག་གཏོར་གཙོ་བོར་བྱས་པ་ལས་གཅུན་སྡོམ་གྱི་ཕུགས་ཕན་ལམ་སྲོལ་ཞིག་མེད་པས། བཅོས་སྒྲིག་བྱས་ཀྱང་སླར་ཡང་གནས་ཚུལ་དེ་རིགས་ཐོན་གྱི་ཡོད།

    སྡེ་ཁུལ་གྱིས་ལས་དོན་མི་སྣ་དང་། དྲ་མིག་པ། དུད་སྦྲེལ་ཐེམ་དཔོན་བཅས་ལས་གྲུབ་པའི་རླངས་འཁོར་བཅོས་སྒྲིག་གི་ཆེད་དོན་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ། ཉིན་གང་སྐོར་ཞིབ་ལམ་སྲོལ་བཙུགས་པ་དང་། “འཇམ་གཤིས་ཁྲིམས་སྒྱུར། སློབ་གསོ་སྔོན་སྤེལ”གྱི་བྱ་ཐབས་མཐའ་འཁྱོངས་ཀྱིས་རླངས་འཁོར་སྒྲིག་འགལ་ངང་འཇོག་མཁན་ལ་ངང་རྒྱུད་རིང་པོས་ཁ་ཏ་སློབ་སྟོན་བྱས་ནས། རླངས་འཁོར་འཇོག་ས་མ་རྙེད་པའི་ཁ་ལོ་བར་སྐབས་འཕྲལ་རླངས་འཁོར་འཇོག་ས་འཚོལ་རོགས་བྱེད་པ། དོ་བདག་མེད་པར་སྒྲིག་འགལ་ངང་བཞག་པའི་རླངས་འཁོར་ལ་སྡེ་ཁུལ་ནས་ཤ་ཚའི་དྲན་སྐུལ་ཡི་གེ་སྦྱར་ཏེ་ཉིན་གསུམ་ཡོངས་བསྒྲགས་བྱེད་ཀྱི་ཡོད། དུས་བཀག་ནང་རླངས་འཁོར་རྩིས་ལེན་མཁན་མེད་ན། འགྲིམ་འགྲུལ་སྡེ་ཚན་དང་འབྲེལ་བ་བྱས་ཏེ་རླངས་འཁོར་ས་ཆ་གཞན་དུ་སྤོ་བ་དང་། དུས་མཚུངས་སུ་རྩིས་ལེན་བརྡ་ཐོ་གཏོང་གི་ཡོད། ད་ཐེངས་སྒྲིག་འགལ་ངང་བཞག་པའི་རླངས་འཁོར་1000ལྷག་ཙམ་ལ་བཅོས་སྒྲིག་བྱས་ཤིང་། དེའི་ནང་50%འཁོར་བདག་སོ་སོས་རླངས་འཁོར་ས་ཆ་གཞན་དུ་སྤོས་པས། བཅོས་སྒྲིག་གྱི་ནུས་ཕྱོད་ཆེ་རུ་སོང་བ་དང་མང་ཚོགས་བློ་ཡིད་ཚིམ་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།