ཞབས་འདེགས་ཧུར་ཐག་ཞུས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།
2025ལོར། ལྷ་ས་མཐོ་གསར་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་དམིགས་ནས། “གློད་སྡོམ་ཞབས་གསུམ”སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་སྟེ། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དམ་འཛིན་བྱ་གཞིར་བརྩི་བ་དང་། ཞབས་འདེགས་ཞུ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་དང་ལས་སྒྲུབ་ཀྱི་བརྒྱུད་རིམ་ཁུ་བསྡུ་བྱེད་པ། སྟབས་བདེ་དང་། ནུས་ཆེ། བློ་རིག་བཅས་ཀྱི་སྲིད་དོན་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་སྐྲུན་པ། ཁེ་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཏན་ཏིག་སྣོན་པ་བཅས་བྱས་ཏེ་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ཡོད།
ལྷ་ས་མཐོ་གསར་ཁུལ་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་ས་མཐོའི་ཁྱད་ལྡན“བློ་རིག་སྲིད་དོན”འཛུགས་གཏོད་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས། ལག་རྩལ་གསར་སྒྱུར་དང་། ཞབས་ཞུ་ལེགས་གཏོང་། ཁོར་ཡུག་ལེགས་གཏོང་སོགས་ནས་མུ་མཐུད་ཤུགས་བརྒྱབ་སྟེ། སྲིད་དོན་ཞབས་ཞུ“དྲ་གཤམ་དུ་སྒྲུབ་པ”ནས“དྲ་ཐོག་ཏུ་སྒྲུབ་པའི”བར་དང་། “བསྐྱར་ཟློས་སྒྲུབ་པ”ནས“ཐེངས་གཅིག་ལ་སྒྲུབ་པར”སྐུལ་འདེད་བཏང་བས། གླིང་ཁུལ་གྱི་མི་དམངས་དང་ཁེ་ལས་ལ་ཕན་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད།
2025ལོའི་ཟླ་3པར། གླིང་ཁུལ་གྱིས་བློ་རིག་དཔེ་དབྱིབས་ཆེ་མོའི་ལག་རྩལ་དེ་ཉིད་ཞིབ་མཆན་མ་ལག་ནང་མཉམ་འདྲེས་ཐུབ་པར་བྱས་ནས་རིག་ནུས་མཐའ་སྣེའི་ཞབས་ཞུའི་ཁྱབ་ཁོངས་སྔར་བས་རྒྱ་སྐྱེད་བཏང་སྟེ། ཁེ་ལས་འཛུགས་པ་དང་། ཆ་འཕྲིན་བརྗེ་བ། ལོ་འཁོར་གྱི་སྙན་ཞུ་ཡོངས་བསྒྲགས། ལག་ཁྱེར་པར་འདེབས་སོགས་སྒྲུབ་མང་བའི་དོན་དག“གཅིག་འཐུས་རྣམ་པའི”ཐོག་ནས་བསྒྲུབས་ཡོད། 2025ལོའི་ལོ་མཇུག་བར། ཁེ་ལས་དང་མི་སྒེར་གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་5000ལྷག་ཙམ་ལ་རིག་ནུས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བས། སྤྱི་ཡོངས་ཀྱི་བློ་ཡིད་ཚིམ་ཚད་95%ལྷག་ཙམ་ཟིན་ཡོད།
མིག་སྔར། སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་སྡེ་ཚན་7གྱི་སྲིད་དོན་ཞབས་ཞུའི་དོན་དག་70ལྷག་ཙམ་མཉམ་དུ་སྒྲུབ་ཀྱི་ཡོད་པས། “སྐར་ཁུང་གཅིག་ནས་བདག་སྤྲོད་དང་གཅིག་འཐུས་ཞབས་ཞུ”མངོན་འགྱུར་བྱུང་ཡོད། ཁྲལ་དོན་ཞབས་ཞུར་5Gཁྲལ་སྒྲུབ་མཐའ་སྣེ་དང་རིག་ནུས་བརྟག་དཔྱད་མ་ལག་སོགས་ཆ་འཕྲིན་ཅན་གྱི་སྒྲིག་ཆས་གསར་གཏོད་ཀྱིས་སྤྱད་དེ་བློ་རིག་ལས་སྟེགས་དང་རྒྱང་བསྟེན་སྒྲུབ་ཐབས་བཏོད་ནས་དོན་དག་སྒྲུབ་མཁན་ལ་ཁྲལ་དོན་སྒྲུབ་པའི་གདམ་ག་དེ་བས་མང་བ་ཡོད་པར་བྱས་ཡོད། ལྟེ་གནས་ཀྱིས་ད་དུང་ཆེད་མངགས་ཁེ་ལས་ཀྱི་མགྲོན་གཏུག་ཁང་བཙུགས་ནས་ཚོང་དོན་ངོ་འཕྲད་གྲོས་མོལ་དང་སྤྲོ་གསེང་ཞབས་ཞུ་སོགས་ཀྱི་བྱེད་ནུས་ཁུལ་བཀོད་སྒྲིག་བྱས་ཏེ། དེ་བས་སྤུས་ཚད་ལྡན་པ་དང་བརྩེ་བ་ཟབ་པའི་སྲིད་དོན་ཞབས་འདེགས་ཞུས་ཡོད།
འབྲེལ་ཡོད་གསར་འགྱུར།