དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གྲངས་རིག་ལས་ས་མཐོར་མཐུན་རྐྱེན་སྦྱར། དྲ་ཚོང་ལས་དམངས་འཚོར་ཕན་པ་བཏགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-12

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་དྲ་ཚོང་ཐད་གཏོང་འགྲན་བསྡུར་སྐབས་དང་པོར་སྙན་སྒྲོག་པ་གཙོ་བོས་དངོས་ཟོག་འཚོང་བཞིན་པ།

    ཐད་གཏོང་ཁང་དུ་བྲིན་ཁ་རྒྱུག་པའི་ཚགས་ཤ་དང་རྩམ་པ་སོགས་རྒྱལ་ཡོངས་སུ་མྱུར་སྐྱེལ་བརྒྱུད་ནས་སྐུར་ཆོག་ཅིང་། ད་ཆ་ས་མཐོར་དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་བྱུང་ནས་དྲ་ཚོང་དང་མྱུར་སྐྱེལ་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་གཏིང་ཟབ་བྱུང་སྟེ། ལྗོངས་ཕྱི་ནང་གཅིག་ཏུ་སྦྲེལ་བ་དང་། དམངས་འཚོའི་བདེ་རྩར་སྟབས་བདེ་སྐྲུན་པ། ས་ཁོངས་དཔལ་འབྱོར་གོང་དུ་འཕེལ་བ་བཅས་ཀྱི་འབྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།

    གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོར་བོད་ཀྱི་ལྗོངས་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་280ལྷག་ཙམ་ཟིན་ནས་དུས་མཚུངས་ལས་བརྒྱ་ཆ་ཉི་ཤུ་ཙམ་འཕར་ཡོད། རྫས་གྲུབ་ཚོང་ཟོག་གི་དྲ་རྒྱའི་སིལ་ཚོང་དངུལ་འབོར་གྱིས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་21.6%བཟུང་ནས། དྲ་ཚོང་དེ་ཉིད་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།

    1 བཀྲག་མདངས་འཚེར་བའི་གྲངས་གཞི་མང་པོ་ལས་དཔལ་འབྱོར་གྱི་གསོན་ཤུགས་རྒྱས་པ་དང་དྲ་ཚོང་གི་འཕེལ་ཁ་བཟང་བ།

    “ཀུ་ཤུ་འདི་དག་ཚང་མ་ས་བབ་མཐོ་སར་བཏབ་པའི་བོད་ཀྱི་ཤིང་འབྲས་ཤ་སྟག་རེད། བྲོ་བ་ཧ་ཅང་ཞིམ་པོ་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ཐོག་སྨད་གྲོང་ཚོའི“བདེ་སྐྱིད་ཞིང་པའི་སྒོ་རའི”ནང་གྲོང་ཚོའི་སྙན་སྒྲོག་པ་གཙོ་བོ་ཚོའི་བརྙན་ལམ་བརྒྱུད་ནས་རྒྱལ་ཡོངས་ས་གནས་ཁག་གི་དྲ་གྲོགས་ཚོར་ཀུ་ཤུའི་སྤུས་ཚད་དང་ཁྱད་ཆོས་ངོ་སྤྲོད་བྱེད་བཞིན་ཡོད་ཅིང་། དྲ་གྲོགས་མང་པོ་ཞིག་གིས་དྲ་ཐོག་ནས་ལྟ་བ་དང་། སྐད་ཆ་འདྲི་བ། ཉོ་བ་སོགས་བྱེད་བཞིན་མཆིས། ཐད་གཏོང་དེ་ནི་ཐོག་སྨད་གྲོང་ཚོའི་ཚོང་ལམ་རྒྱ་ཆེར་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པ་དང་། དྲ་ཚོང་ལ་བརྟེན་ནས་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡོད། ཐད་གཏོང་ཟོག་འཚོང་ལ་བརྟེན་ནས་ཀུ་ཤུ་འཚོང་བའི་ཐབས་ལམ་གསར་པ་ཞིག་བཏོད་པ་མ་ཟད། ཡུལ་མི་ཚོའི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཆགས་ཡོད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོར། བོད་ཀྱི་ལྗོངས་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་280.2ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་50.5འཕར་ཡོད། དེའི་ནང་རྫས་གྲུབ་རིགས་ཀྱི་ཚོང་ཟོག་གི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་233.3ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་38.6འཕར་ཡོད། ལྗོངས་ཡོངས་ཀྱི་རྫས་གྲུབ་ཚོང་ཟོག་གི་དྲ་རྒྱའི་སིལ་ཚོང་དངུལ་འབོར་གྱིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་21.6%བཟུང་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1འཕར་ཡོད། དེའི་ཁྲོད་འཕར་འབོར་གྱིས་བསྡུར་གྲངས་བཟུང་ཚད་84.3%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་9འཕར་བ་དང་། དྲ་ཚོང་འཕེལ་རྒྱས་ཀྱིས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་དང་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་ནུས་རྒྱུན་མཐུད་མངོན་གསལ་དོད་དུ་སོང་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་ཡོད།

    གཡུར་དུ་ཟ་བའི་གྲུབ་འབྲས་འདི་དག་ནི་སྲིད་ཇུས་ཀྱིས་གནད་ལ་སྨིན་པའི་རོགས་སྐྱོར་དང་ཕྱོགས་མང་པོས་མཉམ་དུ་ཤུགས་བརྒྱབ་པ་དང་ཁ་འབྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་དྲ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་གཞིགས་ཏེ། ཕྱོགས་མང་པོ་ནས་སྲིད་ཇུས་ལག་ལེན་བསྟར་བ་དང་གནད་ལ་སྨིན་པོས་ཤུགས་བརྒྱབ་སྟེ། ནོར་སྲིད་སོགས་སྡེ་ཚན་12དང་མཉམ་དུ《ལྗོངས་ཡོངས་ཀྱི་དྲ་ཚོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོ》བཀྲམ་ནས་འཐུས་སྒོ་ཚང་བའི་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་ཅིག་བསྐྲུན་ཡོད། 2025ལོར། ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་13.5ཟིན་པ་དེའི་ནང་ཞིང་ལས་ཐོན་རྫས་དྲ་ཐོག་ནས་ཐད་གཏོང་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་4.0ཟིན་པ་དེས“བོད་ཀྱི་ཚོང་ཟོག་བོད་ནས་ཐོན་པའི”བགྲོད་ལམ་ནུས་ལྡན་ངང་རྒྱ་ཆེར་སོང་བ་དང་། ནས་ཀྱི་ཐོན་རྫས་དང་། སྤོས། ས་མཐོའི་སྦྲང་རྩི་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁག་གཅིག་ཕྱིར་ཚོང་བྱེད་ཚད་ཆེས་ཆེར་འཕར་བར་སྐུལ་ཁྲིད་ཐུབ་སྟེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཐུབ་ཡོད།

    2ས་གནས་དེ་གའི་ཁེ་ལས་ཀྱིས་མཐུན་རྐྱེན་ཧུར་ཐག་སྦྱར་ནས་དྲ་ཚོང་གི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་པ།

    “ལྷན་རྒྱས། སྐུ་ཁམས་བཟང་། འདི་ག་ནི་ལྷ་སའི་ཅ་དངོས་སྤུས་ལེགས་ཀྱི་གཞུང་ཕྱོགས་ཐད་གཏོང་ཁང་ཡིན། སླད་ཕྱིན་ཚང་མར་ལྷ་སའི་ཅ་དངོས་སྤུས་ལེགས་དེ་བས་མང་བ་འོས་སྦྱོར་བྱེད་ཀྱི་ཡིན” 2025ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་མཁོ་འཚོང་མཉམ་ལས་ཁང་དང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས། ལྷ་ས་མཐོ་གསར་ཁུལ་དོ་དམ་ཨུ་ལྷན། དེ་བཞིན་བོད་ལྗོངས་པེ་ཅིང་ཚོང་ཚོགས་སོགས་ཕྱོགས་མང་པོའི་རྒྱབ་སྐྱོར་འོག “ལྷ་སའི་ཅ་དངོས་སྤུས་ལེགས་དང་མཁོ་འཚོང་གིས་ཞིང་པར་རོགས་རམ་བྱེད་པ་ཟུང་དུ་འབྲེལ་བའི”དྲ་ཚོང་ཐད་གཏོང་རྟེན་གཞི་ལྷ་སར་དངོས་སུ་བཙུགས་པ་དེ་ཐོག་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་དང་དྲ་ཐོག་ཚོང་དོན་མཉམ་འདྲེས་ཟབ་མོ་བྱུང་བ་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

    ལྷ་སའི་ཅ་དངོས་སྤུས་ལེགས་ཀྱི་གཞུང་ཕྱོགས་ཨང་རྟགས་གཉེར་སྐྱོང་གི་བྱེད་པོ་ཡིན་པའི་བོད་ལྗོངས་ངོ་མཚར་མི་ཚེ་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་སྒོའི་སྤྱི་ཁྱབ་ཅིང་ལི་ལི་ཀྲི་ཡོན་གྱིས། 2025ལོར། ཀུང་སིས་ལྷ་སའི་ཅ་དངོས་སྤུས་ལེགས་ཀྱི་གཞུང་ཕྱོགས་ཨང་རྟགས་གཉེར་སྐྱོང་དང་། ཁྱད་ལྡན་ཟོག་གཞོང་དང་མཁོ་སྤྲོད་འཁོར་འབྲེལ་འཛུགས་པ། ཟོག་འཚོང་བརྡར་པའི་མ་ལག་སྐྱེད་སྲིང་བཅས་ཀྱི་ལྟེ་བའི་ལས་སྒོ་ཆེན་པོ་གསུམ་ལ་དམིགས་ནས། ལྷ་སའི་ཁྲོམ་རའི་ལས་སྒོ་མེད་པ་ནས་ཡོད་པའི་བར་ཚད་བརྒལ་ཡོང་བར་བྱས་ཡོད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་ས་གནས་དེ་གའི་ཁེ་ལས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ། ས་གནས་དེ་གར་འབད་འབུངས་བྱེད་པ་དང་ཐོན་ལས་ལ་མཐུན་རྐྱེན་སྦྱོར་བ་ལྟེ་བར་བྱས་ནས་དྲ་ཚོང་གི་ནང་སྐྱེས་སྒུལ་ཤུགས་རྒྱུན་མཐུད་འཕེལ་བར་བྱེད་པ་དང་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲངས་འཛིན་གྱི་སྒུལ་ནུས་ཆེན་པོ་བསྣན་ཏེ་བོད་ཀྱི་ཁྱད་ལྡན་དྲ་ཚོང་གིས་ཐོན་ལས་ལ་མཐུན་རྐྱེན་སྦྱོར་བའི་དར་རྒྱས་ལམ་བུར་བསྐྱོད་ཡོད།

    3ཟོག་འགྲུལ་གྱི་མ་ལམ་ཤར་གཏོང་བྱས་ནས་དྲ་ཚོང་གི་འཕེལ་རྒྱས་རྨང་གཞི་བརྟན་དུ་བཏང་བ།

    “ད་ཆ་དྲ་ཐོག་ནས་ཅ་ལག་ཉོ་བདེ་རུ་ཕྱིན་འདུག་ལ་ཅ་ལག་མགྱོགས་པོའང་སླེབས་ཀྱི་འདུག” དེ་ནི་གྲོང་མི་ཚེ་རིང་གི་མྱོང་ཚོར་ཞིག་རེད་ལ། བོད་ཀྱི་ཟོག་འགྲུལ་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་དང་སྡེབ་སྐྱེལ་གྱི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད། གྲངས་གཞི་ལས་མངོན་པར། 2025ལོའི“བཅུ་གཅིག་ཟུང”གི་རིང་། བོད་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལས་སྒོ་སྤེལ་ཚད་ཁྲི་310ཙམ་ཟིན་པ་དེ་དུས་མཚུངས་ལས་27%འཕར་བ་དང་། སྐྱེལ་སྤྲོད་བྱེད་ཚད་ཁྲི་1236ཟིན་པ་དེ་དུས་མཚུངས་ལས་11%འཕར་ཡོད། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་མྱུར་སྐྱེལ་ལས་རིགས་ལས་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་གསོན་ཤུགས་མངོན་ཡོད་ལ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱང་མངོན་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་སྦྲག་སྲིད་ཀྱིས་ཚུགས་གནས་མཐོན་པོས་ཇུས་འགོད་དང་ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། རིམ་པ་ཁག་གི་སྲིད་ཇུས་དང་ཡིག་ཆའི་བླང་བྱ་དང་གནད་སྨིན་ཞིབ་བསྡུར་བྱས་ཏེ། ཏང་ཨུད་ཀྱིས་སྣེ་ཁྲིད་པའི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུཌ་ནས“གྲོང་ཁྱེར་རིམ་པས་སྤྱི་འདོམས་དང་རྫོང་རིམ་པས་དོན་འཁྱོལ”བྱེད་པའི་ལས་ཀའི་མ་ལག་བཙུགས་ཡོད། 2025ལོའི་ཟླ་9པར། ཁྱབ་ཁོངས་ཡོངས་ཀྱི་སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད་བྱེད་འགོ་ཚུགས་ནས་རྫོང(ཆུས)བདུན་གྱི་ཟོག་འགྲུལ་ལྷན་སྦྱར་དྲ་ཚོང་འཛུགས་སྐྲུན་ཇུས་གཞི་སྒྲིག་བཟོ་ལེགས་གྲུབ་བྱུང་བ་དང་། མིག་སྔར། ཆུ་ཤུར་རྫོང་གིས་གན་རྒྱ་འཇོག་འགོ་ཚུགས་པ་དང་། རྫོང(ཆུས)4ཡི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་མཐུན་བྱུང་ཡོད།

    ཟོག་འགྲུལ་ནི་དྲ་ཚོང་འཕེལ་རྒྱས་གཏོང་བའི་སྲོག་རྩ་ལྟ་བུ་ཡིན་ཞིང་། དྲ་ཚོང་འཕེལ་རྒྱས་གཏོང་བའི་སྒྲིག་ཆས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད། 2025ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་སྦྲག་སྲིད་མྱུར་སྐྱེལ་དྲ་ཚིགས་756བསྐྲུན་ཡོད།

    ད་ཆ་སྲིད་ཇུས་དང་བྱེད་ཐབས་ཁག་རྒྱུན་མཐུད་དོན་ཐོག་ཏུ་འཁྱོལ་བ་དང་། སྲིད་གཞུང་དང་ཁེ་ལས་ཀྱི་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། ཟོག་འགྲུལ་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་བོད་ཀྱི་དྲ་ཚོང་གི་འཕེལ་ཁ་ཡག་པོ་རྒྱུན་འཁྱོངས་ཐུབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་དེ་བས་སྟོབས་དང་ལྡན་པའི་ཡུན་རིང་གྲངས་འཛིན་གྱི་སྒུལ་ནུས་སྣོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།