དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་ལྗོངས་ཀྱིས་བོད་ནུབ་བྱང་གི་ཁུལ་དཀར་རའི་རྒྱུད་པ་གསལ་འབྱེད་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-12

    ར་ཁྱུའི་ནང་གི་ར་གང་ཞིག་ཁུ་ལུ་ཐོན་འབབ་ལེགས་པ་དང་། ནད་འགོག་ཤུགས་ཆེ་བ། རྒྱུད་པ་བཟང་པོ་ཡོད་པ་བཅས་སྔོན་ཆད་འབྲོག་པས་མིག་གིས་ལྟ་བ་དང་ལག་པས་འཕུར་ཏེ་ཉམས་མྱོང་ལ་བརྟེན་ནས་བརྡར་ཤ་གཅོད་དགོས་ཀྱི་ཡོད། ད་ཆ་ཁྲག་ཐིགས་པ་གཅིག་འཐེན་ཚེ་རྒྱུད་གཞི་ལས་དེ་དག་གསལ་པོར་ཤེས་ཐུབ། ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཕྱུགས་ལས་སུའོ་ར་ལུག་ཞིབ་འཇུག་ཚོགས་པས་ནང་སོག་ཞིང་ལས་སློབ་ཆེན་དང་མཉམ་འབྲེལ་བྱས་ཏེ། རྒྱལ་ནང་གི་བོད་ནུབ་བྱང་གི་ཁུལ་དཀར་རའི་རྒྱུད་གཞི་གསལ་འབྱེད་ཉིང་ལྷེབ་ཐོག་མ་དེ་བདེ་བླག་ངང་ཞིབ་སྤེལ་བྱས་པ་ལས་རང་ལྗོངས་ཀྱི་ར་ལུག་གི་རྒྱུད་སྤེལ་དེ་ཉིད་རྒྱུད་གཞིར་བལྟས་ནས་རྒྱུད་བཟང་འདེམས་པའི་དུས་མཚམས་གསར་པར་དངོས་སུ་སླེབས་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ནུབ་བྱང་གི་ཁུལ་དཀར་ར་ནི་རང་ལྗོངས་ཀྱིས་རང་བརྟེན་གསོ་སྐྱོང་བྱས་པའི་སྤུས་ལེགས་རྒྱུད་པ་ཞིག་ཡིན་པ་དང་། 2021ལོར་རྒྱལ་ཁབ་ཀྱི་རྒྱུད་པ་གསར་པའི་དཔང་ཡིག་རག་པ་དང་། 2023ལོར་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ཐོ་འགོད་བྱས་ཤིང་། དེ་ནི་མངའ་རིས་དང་ནག་ཆུ་སོགས་ས་ཁུལ་གྱི་འབྲོག་ཁུལ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཀ་རྟེན་ཐོན་ལས་ཤིག་རེད། འོན་ཀྱང་དུས་ཡུན་རིང་པོའི་ནང་སྲོལ་རྒྱུན་གྱི་འདེམས་གསོ་བྱེད་སྟངས་ལ་རང་སྣང་ཆེ་བ་དང་རྒྱུད་སྤེལ་དུས་འཁོར་རིང་བས་རྒྱུད་པ་གཙང་སྤེལ་དང་ཐོན་ལས་སྟོབས་ཆེར་གཏོང་རྒྱུར་ཚོད་འཛིན་ཕོག་ཡོད།

    དཀའ་གནད་དེ་སེལ་ཆེད། ལྗོངས་ཞིང་ལས་ཚན་རིག་ཁང་དང་ནང་སོག་ཞིང་ལས་སློབ་ཆེན་གྱི་ཚན་ཞིབ་ཚོགས་པས་རུ་ཐོག་རྫོང་དང་ཉི་མ་རྫོང་སོགས་རྒྱུད་སྤེལ་རྟེན་གཞིར་བསྐྱོད་དེ་རྒྱུད་སྤུས་ཀྱི་ཐོན་ཁུངས་འབོར་ཆེན་བསྡུ་རུབ་བྱས་པ་དང་། བརྒྱུད་འབོར་ཆེ་བའི་རྒྱུད་གཞི་ཚད་འཇལ་དང་ར་ཁྱུའི་རྒྱུད་པར་དབྱེ་ཞིབ་བྱས་རྗེས། གྲངས་གཞི་འབོར་ཆེན་ཁྲོད་ནས་སྤུས་ལེགས་ལྟེ་བའི་རྒྱུད་གཞིའི་མཚོན་རྟགས་འདེམས་སྒྲུག་བྱས་མཐར་རྒྱུད་གཞིའི་མཚོན་རྟགས་ཁྲི་གཅིག་ལྷག་ཙམ་འདུས་པའི་གསལ་འབྱེད་ཉིང་ལྷེབ་དེ་ཞིབ་བཟོ་བྱས་པ་རེད། གོ་བདེར་བཤད་ན། དེ་ནི་ར་ཚང་མར་རྒྱུད་གཞིའི“ཐོབ་ཐང་ལག་ཁྱེར”རེ་སྤྲད་པ་དང་གཅིག་མཚུངས་ཡིན་པས། བོད་ནུབ་བྱང་གི་ཁུལ་དཀར་རའི་རྒྱུད་པ་གཙང་མར་དབྱེ་འབྱེད་གནད་འཁེལ་ཐུབ་པ་མ་ཟད། ད་དུང་རྒྱུད་གཞིའི་རིམ་ངོས་ནས་དེའི་ཁུ་ལུའི་ཐོན་ནུས་དང་། ནད་འགོག་ནུས་པ། རྒྱུད་པའི་ལེགས་ཆ་བཅས་སྔོན་དཔག་ཐུབ་ནས་རྒྱུད་པ་འདེམས་གསོ་བྱ་རྒྱུ་དེ་ཉིད་ཉམས་མྱོང་ལ་བརྟེན་པ་ནས་གྲངས་གཞིར་བལྟ་བའི་བར་འགྱུར་ལྡོག་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།