“ནོར་སྲིད་ཀྱི་མ་དངུལ་སྐར་ལི་ཙམ་ཡང་མཁོ་ཆེ་སར་སྤྱོད་དགོས”
—— རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་ཉི་ཤུ་པ།
རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཕྱོགས་གཅིག་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་དང་ཕྱོགས་གཅིག་མང་ཚོགས་ཀྱི་བདེ་སྡུག་དང་འབྲེལ་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ཏང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་བླང་བྱར་དམ་པོར་དམིགས་པ་དང་། རྩིས་བཤེར་ཁྱབ་ཁོངས་ཀྱི་ལས་ཀའི་བྱ་ཐབས་ཁག་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་བ། རྩིས་བཤེར་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ཁ་གསལ་གཏན་འཁེལ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རྩིས་བཤེར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
བློ་སྒྲིལ་སེམས་སྐྱེད་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་བཟུང་བ།
ལྗོངས་ཡོངས་ཀྱི་རྩིས་བཤེར་སྡེ་ཚན་གྱིས་ཆབ་སྲིད་ལས་ཁུངས་ཀྱི་ངེས་གནས་སྟངས་འཛིན་ནན་པོ་བྱེད་པ་དང་། རྩིས་བཤེར་ལྟ་སྐུལ་གྱི་གཙོ་འགན་གཙོ་ལས་ལ་གཞི་ཚུགས་པ། ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་དང་གཞི་གཅིག་ཏུ་སྤེལ་བར་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་དེ་རྩིས་བཤེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་པ། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་དང་དངོས་སྒྲུབ་འགན་འཁུར་ལ་སྣེ་ཁྲིད་བཅས་བྱས་པས། ཏང་འཛུགས་སྐྱོང་དང་རྩིས་བཤེར་ལས་སྒོ་ཕན་ཚུན་མཐུན་རྐྱེན་སྦྱར་བ་དང་གོམ་སྟབས་གཅིག་གྱུར་བྱུང་ཡོད།
ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་ལ་དམ་འཛིན་ཏན་ཏིག་བྱེད་པར། དང་ཐོག་བསམ་བློར་ཞུན་བརྡར་སྤྲོས་པ་ནས་དཀའ་གནད་སེལ་བ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་བརྟེན་ནས་རྨང་གཞི་འདིང་དགོས། “གྲོས་དོན་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་དང“ཏང་ལ་བློ་དཀར་གྱིས་རྩིས་བཤེར་སྟོབས་ཆེར་གཏོང་བའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་དམ་འཛིན་བྱ་གཞིར་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པའི་གྲུབ་འབྲས་ཟབ་ཏུ་དང་སྲ་བརྟན་དུ་གཏོང་བ། ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལས་བྱེད་པའི་བསམ་བློའི“བདེ་འཇགས་སྟེམ་སྒོ”རྒྱུན་མཐུད་དམ་དུ་བཏང་ཡོད།
ལྟ་སྐུལ་གྱི་མཉམ་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། རྩིས་བཤེར་སྡེ་ཚན་གྱིས་འབྲེལ་མཐུད་མཐུན་སྦྱོར་ལམ་སྲོལ་ཟབ་ཏུ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་དང་། སྐོར་གཟིགས་སྐོར་ཞིབ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས། རྩ་འཛུགས་མི་དོན་སོགས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་འཆར་གཞི་མཉམ་གྲོས་དང་། ཆ་འཕྲིན་མཉམ་སྤྱོད། གྲུབ་འབྲས་མཉམ་སྤྱོད་བཅས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད། གོང་འོག་མཉམ་འགུལ་དང་། འཁོར་སྐྱོད་ནུས་ཆེ། མཐུན་སྦྱོར་ཤུགས་འདོན་བཅས་ཀྱི་ལས་ཀའི་ལམ་སྲོལ་གང་མགྱོགས་བཙུགས་ཏེ་ལྗོངས་ཡོངས་ཀྱི་རྩིས་བཤེར་རྣམ་གྲངས་སྤྱི་འདོམས་དང་ཐོན་ཁུངས་སྤྱི་འདོམས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་རྩིས་བཤེར“བསམ་ཇུས་གཅིག”མགྱོགས་མྱུར་ཆགས་པར་སྐུལ་འདེད་བཏང་ཡོད།
སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱས་པ།
ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་དོ་དམ་ཚད་ལྡན་དང་ཁ་གསལ་ཡིན་མིན་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་གནད་ལ་འཁེལ་མིན། ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བདེ་འཇགས་དང་ཚོད་འཛིན་ཐུབ་མིན་སོགས་འདི་དག་ཚང་མ་ནི་རྩིས་བཤེར་ལྟ་སྐུལ་ཐད་དམ་པོར་དམིགས་དགོས་པའི་གཙོ་གནད་ཡིན།
“1·07”དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྗེས་སྙེག་རྩིས་བཤེར་ལས་དོན་ཁྲོད་རྩིས་བཤེར་ལས་བྱེད་པས་ཁང་པ་ཉམས་གསོ་དང་། དངོས་ཟོག་བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་བཅས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་གནད་དོན་28ས་ཡུལ་དངོས་སུ་ཐག་གཅོད་ཐུབ་པར་སྐུལ་འདེད་བཏང་ནས“གནོད་འཚེ་ཐོན་པའི་ལོ་དེ་རང་ལ་སྡོད་ཁང་གསར་པར་སྤོ་ཐུབ་པའི”དམངས་འཚོའི་ཁས་ལེན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
ནོར་སྲིད་ཀྱི་རྩིས་བཤེར་ནི་རྒྱལ་ཁབ་རྩིས་བཤེར་གྱི་ནམ་ཡང་འགྱུར་བ་མེད་པའི་བརྗོད་དོན་གཙོ་བོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རྩིས་བཤེར་སྡེ་ཚན་གྱིས་ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་དང་། གྲོང་གསེབ་དར་རྒྱས། གེགས་རྗེས་བསྐྱར་སྐྲུན་སོགས་ཀྱི་མ་དངུལ་དང་རྣམ་གྲངས་ལ་གཙོ་གནད་ཐོག་དམིགས་ནས། སྒྲིག་སྲོལ་ལམ་སྲོལ་གྱི་འགག་གནད་བཙལ་ཏེ“ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་གནང་བའི་ཐུགས་ཁུར་དངུལ་དང་རྒྱལ་ཡོངས་ཀྱིས་བོད་ལ་རོཌ་སྐྱོར་བྱས་པའི་རྔུལ་ཁྲག་ལས་གྲུབ་པའི་དངུལ”དངོས་འབྲེལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་ཐུབ་པར་སྐུལ་འདེད་བཏང་ཡོད།
2025ལོར་ལྗོངས་ཡོངས་སུ་རྩིས་བཤེར(བརྟག་དཔྱད)རྣམ་གྲངས་853ལག་ལེན་བསྟར་ནས་ཡོང་འབབ་མང་དུ་དང་འགྲོ་སོང་གཏོང་མཁས་པོ་བྱེད་པར་སྐུལ་འདེད་དང་དེ་བཞིན་གྱོང་གུན་སྒོར་དུང་ཕྱུར་48.12མི་ཕོག་པ་བྱས་ཡོད། ཕྱོཌ་བསྡུས་སྙན་ཞུ་སོགས་ཁག་723ཕུལ་བ་དང་ཐག་གཅོད་བྱེད་དགོས་པའི་དོན་དག་ཁག་166རྩིས་སྤྲད་པ་རེད།
དམག་ཧྲག་ཞུན་བརྡར་སྤྲས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།
ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པ་དང་ལས་རིགས་སྟོབས་ཆེར་གཏོང་བར་སྔོན་ལ་དཔུང་ཁག་སྟོབས་ཆེར་གཏོང་དགོས། རྩིས་བཤེར་སྡེ་ཚན་གྱིས་དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་དང་ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་དཔུང་ཁག་ནུས་ཤུགས་ཡོད་རྒུས་བཏོད་དེ་ལས་དོན་ཁག་དོན་འཁྱོལ་བྱ་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་བྱས་པ་སྟེ།
—— གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས་གྲངས་གཞི་ཆེ་མོའི་རྩིས་བཤེར་ཚོགས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལས་སྒོའི་ནུས་པ་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ཚན་རྩལ་བྱེད་ཐབས་དང་རྩིས་བཤེར་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་བཏང་བ་དང་།
—— རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་གཙང་སློབ་གསོ་དང་ཉེན་ཟོན་སློབ་གསོ་སྤེལ་ནས་ལས་བྱེད་པའི་སྤྱོད་གཙང་འགན་སྒྲུབ་ཀྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ་རྩིས་བཤེར་དབང་ཆ་ཚད་ལྡན་དང་སྤྱོད་གཙང་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱས་པ།
—— “ཚན་རིག་དང་མཐུན་པའི་ཚད་གཞི་མཐོར་གཏོང་ལོའི”བྱ་སྤྱོད་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་རྩིས་བཤེར་ལས་དོན་ཚད་ལྡན་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་བ་བཅས་རེད།
སྤྱོད་ཚུལ་འཛུགས་སྐྱོང་མཚམས་མེད་རྒྱུན་སྒྲུབ་ཡིན་ལ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་མཚམས་འཇོག་སྒྲ་རྟགས་ཀྱང་མེད། ལྗོངས་ཡོངས་ཀྱི་རྩིས་བཤེར་སྡེ་ཚན་གྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ“དོན་ཆེན་བཞིར”ཞབས་ཞུ་དང་འགན་སྲུང་བྱེད་པའི་བྱ་སྤྱོད་ཀྱི་གཏན་ཚིགས་དང་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩི་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་དེ་རྩིས་བཤེར་གྱི་སྤུས་འབྲས་ལེགས་གཉེར་ལ་རམ་འདེགས་དང་ས་ཁོངས་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་པ། རྩིས་བཤེར་ལྟ་སྐུལ་གྱི་གཙོ་འགན་གཙོ་ལས་ལ་གཞི་ཚུགས་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་རྩིས་བཤེར་གྱི་ལས་སྒྲུབ་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།