དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མེས་རྒྱལ་མཐའ་མཚམས་སྲ་བརྟན་ཆེད། ཚེ་གང་མཐའ་སྲུང་ལེགས་སྐྱེས་འབུལ།

    —— གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་གིས་མཐའ་སྲུང་མཐའ་བརྟན་དང་མཐའ་དར་མཐའ་སྟོབས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-12

    འདི་ནི་མཐའ་སྲུང་བ་རྒན་གྲས་ཕུན་ཚོགས་དང་བུ་ནོར་བུ་དགྲ་འདུལ་གྱིས་མཉམ་དུ་མཐའ་མཚམས་ལ་སྐོར་ཞིབ་བྱེད་བཞིན་པ།

    ཆ་སྙོམས་ས་བབ་སྨི་4600ལྷག་ཙམ་ཟིན་པའི་ས་དགའ་རྫོང་ལ་མཐའ་མཚམས་ཀྱི་རིང་ཚད་སྤྱི་ལེ་105ཡོད། གངས་ལྗོངས་ཀྱི་ས་རྒྱ་ཆེ་ལ་མཐའ་མཚམས་རི་བོ་བརྗིད་ཆགས་ཤིང་། མི་རབས་ནས་མི་རབས་བརྒྱུད་པའི་མཐའ་མཚམས་མི་སེར་ཚོས་ས་མཐོར་གཞི་ཚུགས་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་བརྟན་སྲུང་བྱས་ཏེ་མཐའ་མཚམས་ཀྱི་ས་གཞི་ཆེན་པོར་བརྟན་སྲུང་དང་ལེགས་སྐྱེས་འབུལ་བའི་གཏམ་རྒྱུད་རྩོམ་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་། ས་དགའ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མཐའ་མཚམས་ཀྱི་དོན་དངོས་ལ་གཞི་ཚུགས་ནས“མཉམ་ལྔ་བརྟན་ལྔ”མཉམ་སྐྲུན་བྱེད་སྟངས་གཏིང་ཟབ་ཏུ་གཏོང་བ་དང་། ས་གནས་དེ་གའི་གསར་བརྗེའི་མཐའ་སྲུང་ཐོན་ཁུངས་སྔོག་འདོན་གཏིང་ཟབ། མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན། མཐའ་སྲུང་དང་མཐའ་དར་དམངས་ཕྱུག་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བཅས་བྱས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཐག་ཉེ་སར་ལས་ཞུགས་ཐུབ་པའི་འགན་ལེན་བྱས་པ་བརྒྱུད། མཐའ་མཚམས་མང་ཚོགས་ས་གནས་དེ་གར་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་གསར་བརྗེའི་སློབ་གསོའི་རྟེན་གཞི་ནས།

    མཐའ་སྲུང་སྙིང་སྟོབས་མཐོང་རེག་ཁྱབ་གསུམ་ཐུབ་པ།

    འཕྲང་སྒོ་ཤང་མི་རིགས་མཐུན་སྒྲིལ་གྱི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་ནང་གི་འདྲ་པར་རྙིང་པ་དང་། རྩ་ཆེའི་དངོས་རྫས་རྙིང་པ། གསོན་ཉམས་དོད་པའི་མཐའ་སྲུང་བྱས་རྗེས་བཅས་རེ་རེ་ལས་གངས་ལྗོངས་ཀྱི་མཐའ་མཚམས་མི་སེར་མི་རབས་ནས་མི་རབས་ཀྱིས་མཐའ་མཚམས་བརྟན་སྲུང་བྱས་པའི་མི་སེམས་འགུལ་བའི་ལོ་ཟླ་མངོན་བཞིན་ཡོད།

    འཕྲང་སྒོ་ཤང་གི་གསར་བརྗེའི་རྩ་བ་བརྟན་པ་དང་མཐའ་སྲུང་གི་ཐོག་མའི་བསམ་འདུན་མི་འགྱུར་བརྟན་པོར་གནས་ཤིང་། གངས་ལྗོངས་ཀྱི་ས་གཞི་ཆེན་པོ་འདིར་བཅིངས་འགྲོལ་དམག་དང་དྲག་ཆས་ལས་དོན་རུ་ཁག་གིས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་ཇག་འཇོམས་མཐའ་སྲུང་བྱས་པའི་སྤྱིར་བཏང་མིན་པའི་ལོ་ཟླ་ཁོག་ཏུ་རུམ་སྟེ། ཕ་ཚ་བུ་རྒྱུད་དང་མི་རབས་ནས་མི་རབས་བརྒྱུད་དེ་མཐའ་སྲུང་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ་མ་ཟད། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་ཕུལ་བྱུང་མཐའ་སྲུང་བ་སོགས་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཀྱང་ཐོན་ནས། དམག་དམངས་བློ་སེམས་གཅིག་མཐུན་དང་། ཕན་ཚུན་ལྟ་སྐྱོང་། རྒྱལ་གཅེས་མཐའ་སྲུང་བཅས་ཀྱི་གསར་བརྗེའི་སྙིང་སྟོབས་གངས་ལྗོངས་ས་གཞི་ཆེན་པོར་རྩ་བ་བརྟན་པོ་ཚུགས་པར་བྱས་ཡོད།

    སྔོན་ཆད་རྩ་ཆེའི་མཐའ་སྲུང་གི་གཏམ་རྒྱུད་མང་པོ་ཞིག་དམངས་ཁྲོད་དང་ལོ་ཟླའི་ཤུལ་ལམ་ཁྲོད་ལུས་ནས་བརྒྱུད་རིམ་ལྡན་པའི་ལེགས་སྒྲིག་དང་གཅིག་སྡུད་འགྲེམས་སྟོན་བྱ་རྒྱུ་འདང་གི་མེད། མཐའ་སྲུང་གི་སྙིང་སྟོབས་མཐོང་ཐུབ་པ་དང་། རེག་ཐུབ་པ། ཁྱབ་གདལ་གཏོང་ཐུབ་པ་བཅས་བྱ་ཆེད། འཕྲང་སྒོ་ཤང་གིས་ཏང་ཡོན་རྒན་གྲས་དང་། དམག་མི་རྒན་གྲས། གསར་བརྗེའི་རྗེས་རབས་པ་བཅས་ཀྱི་སར་བསྐྱོད་ཡོད། “ང་ཚོས་མཐའ་སྲུང་གི་འཐབ་ས་དང་པོ་དང་མཉམ་དུ་ལོ་རྒྱུས་ཀྱི་དཔྱད་ཡིག་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ལོ་རྒྱུས་ཀྱི་ཞིབ་ཕྲའི་གནས་ཚུལ་གསབ་པ། དཔེ་མཚོན་མི་སྣ་དང་མཐའ་སྲུང་གི་གཏམ་རྒྱུད་ངོ་མ་གསེད་བཀྲོལ་དང་སྔོག་འདོན་བཅས་བྱས་ནས། གསར་བརྗེའི་སློབ་གསོའི་རྟེན་གཞི་ཚད་གཞི་མཐོ་པོས་བསྐྲུན་དོན་ནི་ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་དག་ཏང་ཡོན་ལ་སློབ་གསོ་གཏོང་བ་དང་། མང་ཚོགས་ལ་འབོད་སྐུལ་བྱེད་པ། མི་གསར་སྐྱོང་བ་བཅས་ཀྱི་གསོན་ཉམས་དོད་པའི་བསླབ་གཞི་ཞིག་ཏུ་བསྒྱུར་ཏེ་མཐའ་སྲུང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཆེད་ཡིན”ཞེས་འཕྲང་སྒོ་ཤང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་རྒྱལ་པོས་ཕྱིར་དྲན་བྱེད་བཞིན་བཤད།

    ད་ཆ། གསར་བརྗེའི་སློབ་གསོའི་རྟེན་གཞི་འདི་ཉིད་སྔར་བཞིན་འཕྲང་སྒོ་ཤང་གི་བསམ་པའི་མཚོན་རྟགས་དང་མི་སྐྱོང་གི་གཡུལ་ས་ཞིག་ཏུ་གྱུར་ཅིང་། མཐའ་མཚམས་མི་སེར་རྒན་རབས་ཚོས་དེ་གར་གཟི་བརྗིད་ལྡན་པའི་ལོ་ཟླར་ཕྱིར་དྲན་བྱེད་པ་དང་མཐའ་སྲུང་གི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ཀྱི་ཡོད་ལ། གཞོན་ནུ་ལོ་ཆུང་ཚོས་གསར་བརྗེའི་སྙིང་སྟོབས་སློབ་སྦྱོང་དང་མཐའ་སྲུང་གི་འདུ་ཤེས་མི་སེམས་ལ་བརྟན་པོ་ཟུག་པར་བྱས་ཡོད། ཤང་ཡོངས་ཀྱི་གོང་འོག་ཚང་མས“མཐའ་སྲུང”བསམ་བློའི་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་ཡོད་ལ། རྒྱལ་གཅེས་མཐའ་སྲུང་དང་དམག་བཀུར་མཐའ་དར་བྱ་རྒྱུ་མཐའ་མཚམས་མང་ཚོགས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུའང་གྱུར་ཡོད།

    འཕྲང་སྒོ་ཤང་གི་མཐའ་སྲུང་མཉམ་འགོག་རུ་ཁག་གིས།

    “ང་ཚོས་ངེས་པར་དུ་རྒྱལ་ཁབ་སྲུང་སྐྱོང་གི་ལས་འགན་ཡག་པོ་སྒྲུབ་ཀྱི་ཡིན”

    “མི་མེད་གནམ་གྲུ་འབྱོར་མི་ཐུབ་པའི་སར་ང་ཚོས་རྐང་ཐང་མར་སྐྱོད་ཀྱི་ཡོད”འཕྲང་སྒོ་ཤང་གི་མཐའ་མཚམས་ལམ་ཐིག་རིང་པོར་མཐའ་སྲུང་བ་མི་རབས་ནས་མི་རབས་བར་གྱིས་ལ་ཀླུང་མང་པོ་བརྒལ་ཏེ་འཁང་ར་སྤུ་ཙམ་ཡང་མེད་པར་གངས་ལྗོངས་ཀྱི་མཐའ་མཚམས་བདེ་འཇགས་སྲུང་བཞིན་ཡོད།

    2003ལོར་འཕྲང་སྒོ་ཤང་མཐའ་སྲུང་མཉམ་སྲུང་རུ་ཁག་བཙུགས་ཤིང་། ས་གནས་དེ་གའི་ས་དབྱིབས་ལ་རྒྱུས་མངའ་ཡོད་པ་མ་ཟད། ད་དུང་རྒྱ་བོད་སྐད་གཉིས་ལ་བྱང་ཆུབ་པའི་བསྟན་ཚེ་རིང་གིས་རང་འགུལ་ངང་རེ་ཞུ་ཕུལ་ནས་མཐའ་སྲུང་པ་ཁག་དང་པོར་གྱུར་པ་དང་། རུ་དཔོན་གཞོན་པའི་འགན་ཡང་ཁུར། སྐབས་དེ་དུས་མཐའ་མཚམས་དོ་དམ་ཚོད་འཛིན་གྱི་ཆ་རྐྱེན་ཞན་པ་དང་གནོན་ཤུགས་ཆེ་བས་ཁོང་གིས་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་ཡིག་སྒྱུར་དང་། སྐོར་ཞིབ། ལས་རེས་སོགས་ཀྱི་ལས་དོན་རང་འགུལ་ངང་བསྒྲུབས་ཤིང་། མཐའ་སྲུང་བ་གཞན་དང་མཉམ་དུ་ཕྱིར་བཤོལ་གཏན་ནས་མི་བྱེད་པར་མཐའ་སྲུང་གི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར།

    འཕྲང་སྒོ་ཤང་གི་མཐའ་སྲུང་དཔུང་ཁག་ཁྲོད་ཕ་བུ་གཉིས་ཀྱིས་མཐའ་སྲུང་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་གཏམ་རྒྱུད་མང་པོ་ཡོད། ལོ་58ལ་སླེབས་པའི་མཐའ་སྲུང་པ་རྒན་གྲས་ཕུན་ཚོགས་ཀྱིས་2002ལོ་ནས་བཟུང་མཐའ་མཚམས་ཀྱི་འཐབ་ས་དང་པོར་གཞི་ཚུགས་ནས་མཐའ་སྲུང་བྱ་རྒྱུ་དེ་ཚེ་གང་གི་འགན་འཁྲི་ཞིག་ཏུ་བརྩི་གི་ཡོད། ལོ་ན་ཕྲ་བའི་བུ་ནོར་བུ་དགྲ་འདུལ་གྱིས་ཆུང་དུས་ནས་ཕ་དང་མཉམ་དུ་མཐའ་མཚམས་ཀྱི་རི་ཀླུང་གང་སར་བསྐྱོད་ཅིང་། མིག་འདྲིས་རྣར་འཇགས་ཁྲོད་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་ཕྱིན་ཏེ་ས་མཚམས་ཀྱི་ཕྱོགས་གནས་བློ་ལ་བརྟན་པོར་ངེས་པ་མ་ཟད། མཐའ་མཚམས་སྐོར་ཞིབ་ཀྱི་ལམ་ཐིག་ལའང་རྒྱུས་མངའ་ཆེན་པོ་ཡོད་པ་རེད།

    ཕྱིས་སུ་ལོ་20ལ་སླེབས་པའི་ནོར་བུ་དགྲ་འདུལ་མཐའ་སྲུང་དཔུང་ཁག་ནང་དངོས་སུ་ཞུགས་ནས་ཕའི་ཤུལ་འཛིན་ཏེ་གངས་ལྗོངས་མཐའ་མཚམས་བརྟན་སྲུང་བྱས་པ་དང་། ཕ་བུ་གཉིས་ཀྱིས་མཉམ་དུ་མཐའ་མཚམས་སྐོར་ཞིབ་དང་བློ་གཅིག་སེམས་གཅིག་གིས་མཐའ་མཚམས་སྲུང་ཞིང་། ད་ཆ་ཕུན་ཚོགས་ཀྱིས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ནས་བུ་ཆུང་བར་མུ་མཐུད་ཤུལ་འཛིན་དུ་འཇུག་རྩིས་ཡོད་པ་དང་ནོར་བུ་དགྲ་འདུལ་གྱིས་ཀྱང་མཐའ་སྲུང་གི་འགན་འཁྲི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་བློ་ཐག་བཅད།

    འཕྲང་སྒོ་གྲོང་ཚོའི་མཐའ་དར་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ལས།

    མང་ཚོགས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པས་མཐའ་སྲུང་ལས་དར་གཉིས་ཀ་མངོན་འགྱུར་བྱུང་བ།

    སྔོན་ཆད་འཕྲང་སྒོ་ཤང་གི་ཆ་སྙོམས་ས་བབ་མཐོ་བ་དང་རང་བྱུང་ཆ་རྐྱེན་ཞན་པས་ཡུལ་མིས་དུས་ཡུན་རིང་པོར་སྲོལ་རྒྱུན་གྱི་ཕྱུགས་འཚོར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། དེ་གའི་ཐོན་ལས་གྲུབ་ཆ་རྐྱང་པ་དང་འབབ་འཕར་ཐབས་ལམ་ཡངས་པོ་མེད་པས“གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བའི”གོམས་གཤིས་འཇགས་སྟབས། མི་རབས་ནས་མི་རབས་བར་མཐའ་སྲུང་བྱེད་མཁན་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱེད་དཀའ་བས་མཐའ་སྲུང་ལས་དར་མངོན་འགྱུར་ཡོང་ཐབས་བྲལ་ཡོད།

    འཕྲང་སྒོ་ཤང་གིས་ཡུལ་བབ་དང་བསྟུན་ནས་འབྲོག་ལས་ཀྱི་ཐོན་ཁུངས་ཧུར་ཐག་སྤྱད་ནས་འཕྲང་སྒོ་གྲོང་ཚོའི་མཐའ་དར་གསོ་ཚགས་ཆེད་ལས་མཉམ་ལས་ཁང་སྣེ་ཁྲིད་དེ་བཙུགས་པ་དང་། “རྩྭ་འདེབས་དང་། གསོ་ཚགས། ཕྱིར་ཚོང”བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་བཏོད་ཡོད། གཞི་ཁྱོན་ཅན་གྱི་གཟན་རྩྭ་འདེབས་འཛུགས་དང་རྩྭ་འདེབས་ཁ་གསབ་སྤྲད་དེ་སྲོལ་རྒྱུན་གྱི་ཕྱུགས་འཚོ་བའི་བཀག་རྒྱ་ལས་བྲལ་ནས། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ནུས་ལྡན་བཏང་ཡོད། གྲོང་ཚོ་ཡོངས་ཀྱི་མང་ཚོགས་དུད་ཚང་128ཚང་མས་མཉམ་ལས་ཁང་ནང་མ་རྐང་བཞག་ཅིང་། ཡུལ་མིས་རེས་མོས་བྱས་ནས་ཕྱུགས་ཟོག་ལ་གཡོག་བྱེད་བྱེད་པ་དང་ལོ་མཇུག་ཏུ་མཉམ་སྡེབ་བགོ་འགྲེམས་རྒྱག་གི་ཡོད། ཁོམ་པ་ཡོད་ཚེ་ཐག་ཉེ་སར་ལས་ཀ་བྱེད་ཐུབ་པ་དང་རྩལ་ནུས་སྦྱོང་ཐུབ་པས་མཐའ་སྲུང་དང་། ཁྱིམ་ལ་ལྟ་རྟོག འབབ་འཕར་བཅས་ཚང་མ་མངོན་འགྱུར་བྱུང་ཡོད།

    དེ་དང་ཆབས་ཅིག སྣ་མང་ཕྱིར་ཚོང་བྱེད་སྟངས་ཁྱབ་གདལ་བཏང་ནས་ཞིང་ཕན་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཏེ། གསོ་ཚགས་ལག་རྩལ་དང་རིམས་ནད་འགོག་བཅོས་ཀྱི་མཛུབ་ཁྲིད་ཞབས་ཞུ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བས། ཐོན་འཚོང་ཐབས་ལམ་ཕྱོགས་ཡོངས་ནས་རྒྱ་ཆེར་ཕྱིན་ཁར་ཐོན་ལས་འཕེལ་རྒྱས་ཀྱང་ཐུབ་ཡོད། མང་ཚོགས་ཀྱི་ལས་ཞུགས་དགོས་མཁོ་གནད་སྨིན་ངང་གྲལ་བཤེར་བྱེད་པ་དང་། ཐག་ཉེ་སར་ལས་ཞུགས་ལས་གནས་གསར་སྤེལ་བྱེད་པ། གོ་རིམ་ལྡན་པའི་ངང་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་བཅས་བྱས་ཏེ། མཐའ་མཚམས་མི་སེར་གྱིས་ཡུལ་དངོས་དང་ཐག་ཉེ་ས་ནས་འབབ་འཕར་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

    ད་ཆ་འཕྲང་སྒོ་ཤང་གི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། མང་ཚོགས་ཀྱི་འབབ་འཕར་བརྟན་པོ། མི་སེམས་ལྷིང་འཇགས་མཐུན་སྒྲིལ། མཐའ་མཚམས་ཡུན་རིང་བདེ་འཁོད་བཅས་བྱུང་ཡོད། ཐོན་ལས་དང་ལས་ཞུགས་གཉིས་ཀར་སྐུལ་འདེད་བཏང་བ་དེས་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་ནས་མཐའ་མཚམས་ཀྱི་རྒྱུན་སྡོད་མི་འབོར་བརྟན་པོ་བྱུང་བ་མ་ཟད། དམངས་ཡོངས་ཀྱིས་མཐའ་སྲུང་དང་མི་སྣ་ཡོངས་ཀྱིས་མཐའ་བརྟན་ཡོང་བ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་འདུས་ཏེ། མཐའ་དར་དམངས་ཕྱུག་དང་མཐའ་སྲུང་མཐའ་བརྟན་དངོས་འབྲེལ་གཉིས་ཕན་བྱུང་ནས། གངས་ལྗོངས་ས་མཐོར་མཐའ་མཚམས་བརྟན་པོ་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་པོ། མི་རིགས་མཐུན་སྒྲིལ་བཅས་ཀྱི་བདེ་སྐྱིད་ལྡན་པའི་ལེའུ་གསར་བརྩམས་དང་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།