ལྷ་སའི་བར་སྐོར་ལ་སླེབས་ཞོར་གོར་ཥ་རྙིང་པའི་འགྱུར་ལྡོག་ལ་གཟིཌ་དང་།
བོད་ཞི་བས་བཅིངས་འགྲོལ་མ་བཏང་བའི་གོང་དུ་མི་རྣམས་ཀྱིས་ཤར་ཁ་ཆེ་ལྷ་ཁང་། ལྷོ་རིགས་གསུམ་མགོན་པོ། ནུབ་གཡུ་ཐོག་ཟམ་པ། བྱང་ར་མོ་ཆེ་ཞེས་ལྷ་ས་གྲོང་ཁུལ་གྱི་རྒྱ་ཁྱོན་དེ་ཙམ་ལས་མེད་ལུགས་བརྗོད་སྲོལ་ཡོད། འོན་ཀྱང་ལྷ་སའི་བར་སྐོར་གྱི་གཡས་གཡོན་དུ་སྔར་སོང་གི་གཟིམ་ཤག་ཆེ་ཆུང་སྣ་ཚོགས་ཡོད་པ་ཕུད། ཕྱིས་སུ་ད་དུང་བཞི་ཐོག་གི་གྲོང་མིའི་སྡོད་ཁུལ་ཡང་མང་པོ་ཞིག་བརྒྱབ་ཡོད་པས་གྲོང་ཁུལ་རྙིང་པའི་གཏམ་རྒྱུད་སྔར་བས་རྣ་ལ་སྙན།
ལོ་རྒྱུས་རིང་བའི་ལྷ་སའི་སྒོ་ར་རྙིང་པ་ཁག་གི་ནང་དུ་དྲོད་འཇམ་ཉི་མ་སྲོ་ཞོར་ཀོག་ཧྥེ་ཕོར་གང་འཐུང་གིན་དུ་རྡོ་ཆེན་གྱི་རྩིག་པ་དང་རྡོ་ཆུང་གི་ལྷས་མས་གྲུབ་པའི་ཁང་པ་རྙིང་པ་དེ་ཚོའི་འདས་ཟིན་པའི་ལོ་རྒྱུས་ལ་རྒྱུས་ལོན་དང་སྔར་སོང་གི་གཏམ་རྒྱུད་ཉན་རྒྱུར་དགའ་བ་ནི་དེང་གི་ཡུལ་སྐོར་བ་ཙམ་མ་ཟད་གཞོན་སྐྱེས་མང་པོའི་དར་སྲོལ་གསར་པ་ཞིག་ཏུ་གྱུར།
བར་སྐོར་སྲང་ལམ་སྐད་གྲགས་ཆེ། གོར་ཥ་རྙིང་པའི་ལོ་རྒྱུས་རིང་།
གསར་འགོད་པ་ལྷ་སའི་ཀུན་བཟང་རྩེ་སྒོ་རའི་ནུབ་ངོས་སུ་ཡོད་པའི་གོར་ཥ་རྙིང་པའི་ནང་སླེབས་མ་ཐག་བོད་ཁང་གསུམ་ཐོག་ཅིག་མིག་ལམ་དུ་མངོན་པ་དང་། དེའི་མདུན་དུ་ཤུག་སྡོང་ཆེན་པོ་གཉིས་ཡོད་ལ། སྒོ་རའི་ནང་དུ་རྡོ་སྒོར་སྒོར་གྱི་ཁྲོམ་པ་ཞིག་ཀྱང་ཡོད་པས་དེ་གར་ངལ་གསོས་ནས་སྡོད་མཁན་ཅུང་མང་།

གོར་ཥ་རྙིང་པའི་སྒོ་རའི་ཟུར་ཞིག
སྒོ་ར་དེ་ནི་སྔོན་གྱི་ལྷ་སར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཁང་ཡིན། སྔར་སོང་གི་ལོ་ཟླའི་ནང་བོད་དང་ནེ་པ་ལའི་དབར་ཚོང་ལས་ཀྱི་འབྲེལ་བ་ཧ་ཅང་ཟབ་མོ་ཡོད་པས། གོར་ཥའི་ཚོང་པ་མི་ཉུང་བ་ཞིག་ལྷ་སར་ཡོང་སྟེ་ཚོང་ལས་གཉེར་གྱི་ཡོད། སྒོ་ར་དེར་བོད་ཀྱི་སྲོལ་རྒྱུན་ཁང་པའི་བཟོ་བཀོད་དང་ནེ་པ་ལའི་བཟོ་རྩལ་འདྲེས་ཡོད་ཅེས་ལྷ་ས་ཀླུ་སྒུག་སྲང་ལམ་དང་པོར་ཡོད་པའི་གོར་ཥ་གསོལ་མགྲོན་ཁང་གི་འགན་འཁུར་བ་དབང་སྐྱིད་ཀྱིས་སྐུ་མགྲོན་ཚོར་སྒོ་ར་དེའི་ལོ་རྒྱུས་སྐོར་གླེང་བཞིན་མཆིས།

དབང་སྐྱིད་ཀྱིས་གོར་ཥ་རྙིང་པའི་སྒོ་རའི་ནང་བཅར་འདྲི་དང་ལེན་བྱེད་པ།
སྒོ་རའི་མཐའ་འཁོར་གྱི་གྱང་ངོས་སུ་བཀལ་བའི་ནེ་པ་ལའི་དམག་མིའི་མཉམ་པར་དང་ནེ་པ་ལའི་ཉམས་སྣང་ལྡན་པའི་རི་མོ་སྣ་ཚོགས་ཀྱིས་ཡུལ་སྐོར་བ་ཚོ་གསོལ་མགྲོན་ཁང་གི་འགན་འཁུར་བའི་འགྲེལ་བཤད་ལ་དེ་བས་ཉན་འདོད་ཀྱི་བློ་ཆེན་པོ་སྐྱེས།
གེ་སར་རིག་གནས་ཕུན་སུམ་ཚོགས། འགྲེམ་སྟོན་ཁང་དུ་འགྲེམ་རྫས་མང་།
གོར་ཥ་རྙིང་པའི་བོད་ཁང་གི་སྒོ་སྟེང་དུ་ལྷ་སའི་གེ་སར་རྒྱལ་པོའི་འགྲེམ་སྟོན་ཁང་ཞེས་པའི་སྒོ་བྱང་ཞིག་བཀལ་ཡོད་པས། གེ་སར་རྒྱལ་པོ་དང་གོར་ཥ་རྙིང་པ་འདི་གཉིས་དབར་ལ་འབྲེལ་བ་གང་འདྲ་ཡོད་མེད་ཐད་སྐུ་མགྲོན་ཚོ་སྔར་བས་ཐེ་ཚོམ་ཇེ་ཆེར་ཕྱིན།
ཕ་ཡུལ་མཚོ་སྔོན་ཡུལ་ཤུལ་ནས་ཡིན་པའི་གོར་ཥ་གསོལ་མགྲོན་ཁང་གི་འགན་འཁུར་བ་དབང་སྐྱིད་ཀྱིས་བརྗོད་དོན། གླིང་སྒྲུང་ནི་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན། གླིང་སྒྲུང་ནང་གི་ས་མིང་མང་དག་ཅིག་ངའི་ཕ་ཡུལ་ཡུལ་ཤུལ་དུ་ཡོད་ལ། ངའི་ཕ་ཡུལ་ལ་གེ་སར་རིག་གནས་དར་ཁྱབ་ཆེན་པོ་ཡོད།

ཡུལ་སྐོར་བས་ལྷ་སའི་གླིང་གེ་སར་རྒྱལ་པོའི་འགྲེམ་སྟོན་ཁང་དུ་ལྟ་སྐོར་བྱེད་པ།
2022ལོར་གོར་ཥ་གསོལ་མགྲོན་ཁང་དུ་ལྷ་སའི་གེ་སར་རྒྱལ་པོ་འགྲེམ་སྟོན་ཁང་དེ་བཙུགས་པ་དང་། དེའི་ནང་གཡང་ཊི་ལས་གྲུབ་པའི་གེ་སར་རྒྱལ་པོའི་སྐུ་བརྙན་དེ་འགྲེམ་ཁང་གི་རྟེན་གཙོ་བོ་ཡིན་པ་ཕུད། ད་དུང་གནའ་བོའི་ཁྲབ་རྨོག་དང་། རྟ་ཆས། ཁ་གདན་སོགས་གནའ་རྫས་མང་དག་ཅིག་བཤམས་སྟོན་བྱས་ཡོད།
ཕྱོགས་བཞིའི་སྐུ་མགྲོན་ཚོས་གོར་ཥ་གསོལ་མགྲོན་ཁང་དུ་གེ་སར་རིག་གནས་ལ་རྒྱུས་ལོན་དང་ཤེས་རྟོགས་སོགས་བྱེད་པ་མཐོང་དུས། གེ་སར་རིག་གནས་ཀྱིས་ཡུལ་སྐོར་བར་བསམ་པའི་རྒྱགས་ཕྱེ་གང་མང་ཞིག་སྦྱིན་ཐུབ་རྒྱུ་ནི་འགྲེམ་སྟོན་ཁང་འཛུགས་པའི་ཐོག་མའི་བསམ་འདུན་ཡིན་ཞེས་གོར་ཥ་གསོལ་མགྲོན་ཁང་གི་འགན་འཁུར་བ་དབང་སྐྱིད་ཀྱིས་གསར་འགོད་པར་བརྗོད།

ལྷ་སའི་གླིང་གེ་སར་རྒྱལ་པོའི་འགྲེམ་སྟོན་ཁང་གི་ཟུར་ཞིག
དེས་མ་ཟད་ལོ་ལྟར་འགྲེམ་སྟོན་ཁང་དུ་སྒྲུང་པ་མང་དག་ཅིག་གདན་དྲངས་ནས་ཡུལ་སྐོར་བ་ཙམ་མ་ཟད་ས་གནས་དེ་གའི་མང་ཚོགས་ལ་རིན་པ་མེད་པར་གླིང་སྒྲུང་འཆད་གྱེར་བྱེད་བཞིན་ཡོད། གང་ཡིན་ཟེར་ན་ང་རང་ནས་གཙོས་པའི་ཡུལ་མི་རྣམས་གླིང་སྒྲུང་རིག་གནས་ལ་ཤིན་ཏུ་དགའ་ཞེས་དབང་སྐྱིད་ཀྱིས་གསར་འགོད་པར་བརྗོད།
ཀོང་ཏུང་ནས་ཡིན་པའི་ཡུལ་སྐོར་བ་ཝང་ལགས་ཀྱིས་དྲ་ཐོག་ནས་སྒོ་ར་འདིའི་ནང་འགྲེམ་སྟོན་ཁང་ཡོད་པ་ཤེས་བྱུང་། ས་ཡུལ་དངོས་སུ་སླེབས་དུས་དངོས་གནས་ལྟད་མོ་ཆེན་མོ་འདུག གེ་སར་རིག་གནས་ལའང་རྒྱུས་མངའ་ངེས་ཅན་བྱུང་ཞེས་གསར་འགོད་པས་འགྲེམ་སྟོན་ཁང་དུ་ལྟ་སྐོར་དུ་ཕྱིན་རྗེས་མྱོང་ཚོར་གང་འདྲ་བྱུང་མིན་འདྲི་སྐབས་ཁོང་གིས་འདི་ལྟར་ལན་བཏབ།
རིག་གནས་ཡུལ་སྐོར་རྣམ་པ་བཟང་། སྒོ་ར་རྙིང་པ་འཁྲུག་ཆ་དོད།
ཉེ་བའི་ལོ་ཤས་རིང་བར་སྐོར་གྱི་གནའ་བོའི་སྒོ་ར་རྙིང་པ་དག་རིམ་བཞིན་གནའ་གྲོང་འདིའི་མིང་བྱང་དུ་གྱུར་དང་འགྱུར་མུས་ལགས། ལོ་རྒྱུས་ངེས་ཅན་ལྡན་པའི་སྐྲུན་དངོས་དེ་དག་དུས་ཀྱི་ཆུ་རྒྱུན་ཁྲོད་ཉམས་ཆག་མེད་པར་སྲུང་སྐྱོབ་དང་། དེང་གི་འཚོ་བའི་ཁྲོད་གསོན་ཤུགས་གསར་པ་འཕེལ་ནས་སྐྱེ་བོའི་མིག་ལམ་དུ་ཁྲ་ཐིང་ངེར་མངོན་པ་ནི་དེ་བས་ཀྱང་ཡིད་དགའ་བ་ཞིག་ཏུ་སྣང་།
གོར་ཥ་རྙིང་པར་མཚོན་ནའང་ཕྱི་ཡི་འཛུགས་སྐྲུན་རྣམ་པར་གཏོར་སྐྱོན་མེད་ལ་ནང་གི་ཀ་གདུང་དང་། རྡོ་བཀྱག ཁང་མིག ཐ་ན་བར་ཁྱམས་སོགས་སྔོན་ཆད་ཀྱི་བཀོད་པ་སོར་གནས་སྒོས་ཉིས་ཐོག་ཏུ་སྐུ་མགྲོན་ཚོའི་བོད་ལུགས་ཀྱི་ཉལ་ཁང་ཡང་མཐོང་བྱུང་བས། དངོས་གནས་སྲུང་སྐྱོབ་ཁྲོད་གསར་སྤེལ་དང་། བེད་སྤྱོད་ཁྲོད་རྒྱུན་འཛིན་བྱེད་བཞིན་པའི་མྱོང་ཚོར་ཟབ་མོ་བྱུང་།
བར་སྐོར་དུ་ཡོད་པའི་གསོལ་མགྲོན་ཁང་གཞན་དང་བསྡུར་ཚེ། གོར་ཥ་གསོལ་མགྲོན་ཁང་གི་སྒོ་འཛུལ་བ་ནས་བཟུང་ཚགས་དམ་ཞིང་རི་མོ་སྣ་ཚོགས་བརྐོས་ཡོད་པའི་ཟངས་ཆས་འདྲ་མིན་སྒྲིག་གཤོམ་བྱས་ཡོད་པ་དང་། ཐོག་སོ་རེ་རེའི་སྐུ་མགྲོན་གྱི་ཉལ་ཁང་སྒོ་ཁར་སྒྲིག་པའི་གནའ་ཉམས་ལྡན་པའི་ཤིང་སྒམ་དང་ཀོ་སྒམ་སོགས་གནའ་རྫས་མང་དག་ཅིག་ཡོད་པ་ནི་གསོལ་མགྲོན་ཁང་མང་པོ་ཞིག་ལ་མེད་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཏུ་སྣང་།

གསོལ་མགྲོན་ཁང་དུ་སྒྲིག་གཤོམ་བྱས་པའི་གནའ་རྫས་སྣ་ཚོགས།
དེ་དང་ཆབས་ཅིག གོར་ཥ་རྙིང་པའི་སྒོ་རའི་ནང་བོད་ཟས་སྣ་ཚོགས་ལོངས་སུ་སྤྱོད་ཆོག་པའི་ཁར། ཐོག་ཁར་འཚིག་ཇ་འཐུང་གིན་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་དང་པར་ལེན་བྱེད་པ་དང་། དེས་མ་ཟད་སྒོ་རའི་ནང་དུ་སྤོས་སྦྱོར་བྱེད་སྟངས་ཉམས་ལེན་བྱེད་ཆོག་པས། ཡུལ་སྐོར་བ་ཚོ་བོད་ཀྱི་སྤྲོ་སྣང་དང་བག་ཕེབས་ལྡན་པའི་འཚོ་བར་དབྱིངས་ཞུགས་ས་དང་ཉམས་ལེན་བྱེད་ཡུལ་རྩེ་གྲ་ཞིག་ཏུ་གྱུར།
གོར་ཥ་གསོལ་མགྲོན་ཁང་གི་འགན་འཁུར་བ་དབང་སྐྱིད་ཀྱིས་གསར་འགོད་པར་བརྗོད་དོན། ང་ཚོས་གོར་ཥ་རྙིང་པའི་གནའ་བོའི་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་ཐོག གེ་སར་རིག་གནས་ཀྱི་འགྲེམ་ཁང་དང་། སྐྱིད་སྣང་དོད་པའི་གསོལ་མགྲོན་ཁང་། གདམ་ག་མང་བའི་བཟང་བཏུང་སོགས་ཕྱོགས་མང་པོ་ནས་ལོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་སྒོ་ར་རྙིང་པར་དེང་གི་ཡུལ་སྐོར་དང་རིག་གནས་ཀྱི་ཚ་རླབས་ཁྲོད་གསོན་ཤུགས་གསར་པ་ཞིག་སྦྱིན་བཞིན་ཡོད།

གོར་ཥ་གསོལ་མགྲོན་ཁང་གི་འགན་འཁུར་བས་སྐུ་མགྲོན་ལ་འགྲེམ་སྟོན་ཁང་གི་འགྲེམས་རྫས་ངོ་སྤྲོད་བྱེད་བཞིན་པ།
མ་འོངས་པར་འཆར་གཞི་གང་འདྲ་ཡོད་མེད་སྐོར་གླེང་སྐབས། དབང་སྐྱིད་ཀྱིས་ཕྱིས་འབྱུང་གོར་ཥ་རྙིང་པར་གེ་སར་རིག་གནས་ཀྱི་བྱེད་སྒོ་གང་མང་ཞིག་སྤེལ་ཐུབ་པ་བྱ་རྒྱུ་དང་། དེ་བས་མང་བའི་སྐུ་མགྲོན་གྱིས་གེ་སར་རིག་གནས་ལ་རྒྱུས་ལོན་དང་ཤེས་རྟོགས་ཐུབ་པའི་རེ་བ་ཡོད། ལྷག་པར་དུ་བོད་ཁང་རྙིང་པ་དེ་ཚོའི་ནང་དུ་ཕྱོགས་བཞིའི་ཡུལ་སྐོར་བ་ཚོ་ལུས་སེམས་གཉིས་ལ་ངལ་གསོ་ཡག་པོ་ཞིག་ཐེབས་རྒྱུའི་འདུན་པ་ཆེན་པོ་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།