དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཉེ་བའི་ལོ་20ཡི་རིང་བོད་ལྗོངས་ལྷ་ཀླུ་འདམ་རའི་ཆུ་ཁྱོན་232%ཆེ་རུ་ཕྱིན་པ།

    སྔོ་ཁེབས་ཀྱི་སྟོན་གྲངས་44%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-11

    ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷ་ཀླུ་འདམ་རས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུ་ལས་མངོན་པར། ཉེ་བའི་ལོ་20ཡི་རིང་འདམ་རའི་སྐྱེ་ཁམས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཆུ་ཁྱོན་232%ཆེ་རུ་ཕྱིན་པ། བྱེ་ས་སྐྱ་ཐེར་70%ཉུང་དུ་ཕྱིན་པ། སྔོ་ཁེབས་ཀྱི་སྟོན་གྲངས་44%མཐོ་རུ་ཕྱིན་པ་མ་ཟད། ཁྲུང་ཁྲུང་སྐེ་ནག་དང་། ཤྭ་བ་མཆུ་དཀར། ཆུ་སྲམ་སོགས་རྩ་ཆེའི་སྲོག་ཆགས་ཀྱང་ཡང་སེ་མཐོང་རྒྱུ་ཡོད།

    ལྷ་ཀླུ་འདམ་ར་ནི་མཚོ་བོད་ས་མཐོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་ཞིང་། དེར་ཆུ་རྩ་གསོ་འཁྱོངས་དང་། གནམ་གཤིས་སྙོམས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་སྐྱེ་ཁམས་ཀྱི་བྱེད་ནུས་གལ་ཆེན་ལྡན་ཡོད། ལྷ་ས་གྲོང་ཁྱེར་གྱིས“སྲུང་སྐྱོང་སྔོན་འཇོག་དང་། དོ་དམ་ནན་པོ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཚན་རིག་དང་མཐུན་པའི་ཉམས་གསོ། ལུགས་མཐུན་བེད་སྤྱོད”བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་འདམ་ར་སྲུང་སྐྱོང་དང་ཉམས་གསོར་མུ་མཐུད་སྐུལ་འདེད་བཏང་ཡོད།

    སྙན་ཞུ་ལས་མངོན་པར་གཞིགས་ན། འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད་ཅིང་། མིག་སྔར། སྦུག་ལྡན་རྩི་ཤིང་438དང་འདབ་ཆགས་རིགས་174ཐོར་བཀོད་པ་དང་། ཆུ་བྱ་རིགས་1ནས་12བར་མང་དུ་ཕྱིན་པ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་ཉ་རིགས་3གསར་དུ་ཤེས་རྟོགས་ཐུབ་ཡོད།

    ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དེ་འདམ་རའི་སྲུང་སྐྱོང་གི་བཀྲག་མདངས་འཚེར་སར་གྱུར་ཡོད། ལྷ་སར་སྐྱེ་ཁམས་མ་ལག་གི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ལས་སྟེགས་བསྐྲུན་ཞིང་། AI(མི་ཐབས་རིག་ནུས)ལ་བརྟེན་ནས་འདབ་ཆགས་ཀྱི་རིགས་དབྱེ་འབྱེད་དང་ཆུ་ནང་གི་ཉ་རིགས་ལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལག་རྩལ་སྤྱད་དེ་རིག་ནུས་ཅན་གྱི་བདག་སྐྱོང་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག་འདམ་རས་རང་བྱུང་ཁམས་ཀྱི་སློབ་གསོའི་རྟེན་གཞི་བསྐྲུན་ནས་རྒྱུན་རྣམ་ཅན་གྱི་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོ་སྤེལ་བས། དམངས་ཡོངས་སྲུང་སྐྱོང་ནང་ཞུགས་པའི་རྣམ་པ་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།