བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གིས་ཇོ་མོ་གླང་མའི་འདབས་སུ་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ།

མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཡུལ་སྐོར་བ་དང་གཏམ་གླེང་བྱེད་བཞིན་པ།
“ཕ་གིར་སྐད་ཅོར་རྒྱག་མཁན་འདུག ཕལ་ཆེར་གནས་ཚུལ་ཐོན་ཡོད་པ་འདྲ”མི་མང་པོ་རུབ་འགྲོ་བ་མཐོང་བས་མི་དམངས་ཉེན་རྟོག་པ་ཀྲང་ཧྲུའུ་ལིན་གྱིས་འདི་ལྟར་ཤོད་ཀྱིན་ལས་རོགས་བསོད་ནམས་བསྟན་དར་ཁྲིད་དེ་མི་རུབ་ཡོད་སར་བསྐྱོད།
དེར་བསླེབས་རྗེས་ཡུལ་སྐོར་བ་ཞིག་གིས་ཇོ་མོ་གླང་མའི་ཡུལ་ལྗོངས་ཧྲིལ་པོར་པར་རྒྱག་འདོད་བྱུང་ནས་ཟུར་ཚད་ཡང་ཡང་འདེམས་པར་སྐར་མ་10ཙམ་འགོར་ཡོད་པས། རྒྱབ་ཏུ་བང་བསྒྲིགས་པའི་ཡུལ་སྐོར་བས་མགྱོགས་ཙམ་གྱིས་དང་ཞེས་ལན་མང་བཤད་པའི་དབང་གིས་རྩོད་གཞི་ཐོན་པ་ཤེས།
ཀྲང་ཧྲུའུ་ལིན་དང་བསོད་ནམས་བསྟན་དར་གཉིས་ཀྱིས་ལམ་སེང་ཁ་རྩོད་རྒྱག་མཁན་སོ་སོར་ཕྲལ་བ་མ་ཟད་ཁ་ཏ་བསླབ་བྱ་བྱས། མི་དམངས་ཉེན་རྟོག་པས་མི་ཚོགས་ཕྲལ་བས་རུ་སྟར་སླར་ཡང་གོ་རིམ་ལྡན་པར་གྱུར།
དེ་ག་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་མཛེས་ལྗོངས་ཁུལ་ཡིན་པ་དང་ས་བབ་སྨི་5000ལས་བརྒལ་ཡོད། བོད་ལྗོངས་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་ངོས་ནས་བརྗོད་ན། ལས་འགན་ཆེ་ཤོས་ནི་མཛེས་ལྗོངས་ཁུལ་གྱི་དུས་བདེ་དང་ཡུལ་སྐོར་བའི་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་དེ་རེད།
“མཛེས་ལྗོངས་ཁུལ་དུ་པར་རྒྱག་ས་མང་པོ་བཟོས་ཡོད་མོད། འོན་ཀྱང་པར་རྒྱག་ས་མི་འདྲ་བ་ནས་མཐོང་བའི་རང་བྱུང་མཛེས་ལྗོངས་འདྲ་གི་མེད། པར་རྒྱག་མཁན་མང་ཤོས་ཀྱི་རྡོ་རིང་མདུན་དུ་པར་རྒྱག་པར་དུས་རྟག་ཏུ་ཡུལ་སྐོར་བས་བང་རིང་པོ་སྒྲིག་དགོས་ཀྱི་ཡོད”ཅེས་ཀྲང་ཧྲུའུ་ལིན་གྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས“ས་བབ་མཐོ་བ་དང་དྲོད་ཚད་དམའ་བའི་རྐྱེན་གྱིས་དུས་ཚོད་ཅུང་རིང་ཙམ་སྒུག་དགོས་བྱུང་ན། ཡུལ་སྐོར་བ་ཁོང་ཁྲོ་ཚ་པོར་འགྱུར་གྱི་ཡོད”ཅེས་བཤད།
པར་རྒྱག་ས་དེ་དང་ཐག་མི་རིང་བའི་སར་དོས་སྒམ་གྱི་སྟབས་བདེའི་ཁང་པ་དཀར་པོ་ཞིག་ཡོད་ཅིང་། འདི་ནི་མི་དམངས་ཉེན་རྟོག་པའི་ལས་རེས་ཁང་ཡིན་ལ་གནད་དོན་ཐག་གཅོད་བྱེད་སའི་བར་འདུམ་ཁང་ཡང་ཡིན། དེ་གར་མངགས་གཏོང་ཁང་གིས་བཀྲ་ཤིས་འཛོམས་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་ཀུང་སི་དང་མཉམ་དུ་འདུམ་འགྲིག་བྱས་ནས“ཕྱོགས་གསུམ་མཉམ་འགུལ”གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི་ལམ་སྲོལ་བཙུགས་ཡོད་པ་རེད། “མང་ཚོགས་ཀྱི་འགལ་ཟླ་ཐག་གཅོད་བྱེད་དུས་ནན་གྱིས་ཉན་པ་དང་། གཞན་སྡུག་རང་མྱོང་གི་བསམ་པ་འཆང་བ། འགག་གནད་འཚོལ་བ། མཐུན་པའི་ཆ་འཚོལ་བ། སླར་ཡང་མཐུན་པོ་བྱེད་པ་བཅས་ནི་ང་ཚོས་ཕྱོགས་སྡོམ་བྱས་པའི‘གོམ་སྟབས་ལྔའི་འདུམ་འགྲིག་བྱེད་སྟངས’ཡིན”ཞེས་མངགས་གཏོང་ཁང་གི་ཆབ་སྲིད་སློབ་སྟོན་པ་ཀྲང་སུའེ་ཤིན་གྱིས་བཤད།
དེ་མིན་མི་དམངས་ཉེན་རྟོག་པ་ཚོས་ད་དུང་ཐོལ་བྱུང་གི་དོན་རྐྱེན་མང་པོར་ཡང་ཁ་གཏད་གཅོག་དགོས་པ་སྟེ། ཐེངས་ཤིག་ལ། བསོད་ནམས་བསྟན་དར་གྱིས་ལས་རེས་ཁང་དུ་གློག་མིག་ལ་ལྟ་སྐབས་གློ་བུར་ཡུལ་སྐོར་བ་ཞིག་སར་བསྡད་དེ་སྐར་མ་ཁ་ཤས་སོང་ཡང་ལངས་མ་ཐུབ་པ་ཤེས།
“ཧ་ལམ་གནས་ཚུལ་ཐོན་པ་མིན་ནམ”སྙམ་ནས་སླར་ཡང་གློག་མིག་ལ་ཡུན་ཙམ་ཅེར་རྗེས་ལས་རོགས་སྐད་བཏང་ནས་གསོ་རླུང་ཁྱེར་ཏེ་ལྟ་བར་ཕྱིན།
བསོད་ནམས་བསྟན་དར་ཡུལ་སྐོར་བ་དེའི་གམ་དུ་བསླེབས་རྗེས་གསོ་རླུང་བཏོན་ནས་རྔུབ་ཏུ་བཅུག དེ་རྗེས་ཁོང་དང་ལས་རོགས་གཉིས་ཀྱིས་བསྐྱོར་ནས་ལས་རེས་ཁང་དུ་ཁྲིད་དེ་ཇ་བསྲུབས་མ་དང་རྒུན་འབྲུམ་མངར་ཆའི་ཐང་ཆུ་བླུགས་ཏེ་ལ་དུག་སེལ་ཐབས་བྱས།
ཇོ་མོ་གླང་མའི་ཁུལ་དུ་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས། མཚན་མོར་ལ་དུག་བརྒྱབ་ནས་ཛ་དྲག་ངང་རོགས་སྐྱོབ་ཞུ་མཁན་ཡུལ་སྐོར་བ་མང་པོ་ཡོད། དེར་བརྟེན་མི་དམངས་ཉེན་རྟོག་པ་ཚོས་མཚན་མོར་སྐོར་ཞིབ་བྱེད་སྐབས་གསོ་རླུང་དང་མྱུར་སྐྱོབ་ཁུག་མ་སོགས་ཁྱེར་ནས་གྲ་སྒྲིག་ཨང་བསར་བྱེད་ཀྱི་ཡོད།
ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་དུ་ལས་ཀ་བྱེད་པའི་ལོ་འདི་དག་རིང་། མི་དམངས་ཉེན་རྟོག་པ་ཚོར་གནས་ཚུལ་འདིའི་རིགས་རྟག་པར་འཕྲད་ཀྱི་ཡོད། “ཐུགས་རྗེ་ཆེ་ཞུ་གི་ཡིན། ད་དུང་འགྲོ་མ་ཐུབ་ན་མཚན་གུང་ཡང་རི་འདབས་སུ་སླེབས་ཐུབ་ཀྱི་མ་རེད”ཅེས་ཇོ་མོ་གླང་མ་སྒར་ས་ཆེ་མོའི་ཁོར་ཡུག་སྲུང་སྐྱོང་རླངས་འཁོར་བཀོད་གཏོང་པ་པ་སངས་ཀྱིས་མི་དམངས་ཉེན་རྟོག་པ་ལི་ཝུན་ཞུང་གི་ལག་པ་དམ་པོར་འཇུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
“ཇོ་མོ་གླང་མའི་འདབས་སུ། ང་ཚོས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བདེ་འཇགས་བསྲུངས་ནས་ཡུལ་སྐོར་བའི་སེམས་ཁྲལ་བསལ་ཏེ། འགལ་ཟླ་མཐའ་དག་གཞི་རིམ་ནས་ཐག་གཅོད་བྱས་ཐོག ཡུལ་སྐོར་བ་ཚང་མར་མྱོང་ཚོར་དེ་བས་ཡག་པོ་ཡོང་བར་བྱེད་ཀྱི་ཡོད”ཅེས་ཀྲང་སུའེ་ཤིན་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།