《ངལ་རྩོལ་གསར་འགྱུར》ཐོག་ཆེད་བརྗོད་སྤེལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲའོ་ཞན་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ།
ཁྲའོ་ཀྲུང་མཛའ་གྲོགས་དུས་མཚམས་གསར་པ་དེ་བས་མཐོ་བ་ཞིག་ཏུ་སླེབས་པ།
ཚེས་8ཉིན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ལས་ཁུངས་ཚགས་པར《ངལ་རྩོལ་གསར་འགྱུར》གྱི་པར་ངོས་དང་པོར་འགོ་བརྗོད་དུ《ཀྲུང་གོ་མི་དམངས་ཀྱི་མཛའ་མཐུན་ཕོ་ཉར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ》ཞེས་པའི་ཆེད་བརྗོད་སྤེལ་ནས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཁྲའོ་ཞན་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།
ཆེད་བརྗོད་ནང་འཁོད་དོན། བློ་མཐུན་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པར་དོན་སྙིང་ཟབ་མོ་ལྡན་པ་དང་། དེ་ཐོག་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པའི་ཐུགས་ཁུར་ཟབ་མོའི་འོག་ཁྲའོ་ཀྲུང་གི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུར་གསོན་ཤུགས་ཆེན་པོ་ལྡན་པ་གང་ལེགས་མངོན་ཡོད། ཁྲའོ་ཀྲུང་གི་མཛའ་མཐུན་འབྲེལ་བ་ནི་ཕྱི་ཕྱོགས་བཙན་འཛུལ་པར་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་ཁྲག་དྲོན་ལས་གྲུབ་པའི་ཞུམ་པ་མེད་པའི་མཛའ་གྲོགས་ཤིག་རེད། དེ་རིང་། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པའི་འབྲེལ་བ་ཟབ་མོ་ཡོད་པས་ཁྲའོ་ཀྲུང་གི་མཛའ་གྲོགས་དུས་མཚམས་གསར་པ་དེ་བས་མཐོ་བ་ཞིག་ཏུ་སླེབས་ཡོད།
ཆེད་བརྗོད་ནང་འཁོད་དོན། ད་ལོ་ནི《ཁྲའོ་ཀྲུང་མཛའ་མཐུན་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་ངོ་65འཁོར་བའི་ལོ་རེད། ཁྱབ་ཁོངས་ཁག་ཏུ་དུས་རབས་གསར་པའི་ཁྲའོ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་ནི་ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། སྤྱི་ཚོགས་རིང་ལུགས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་འདུ་ཤེས་དང་། ཐུན་མོང་གི་དར་ཆ། ཐུན་མོང་གི་བྱ་གཞག་རླབས་པོ་ཆེ་བཅས་ཡིན། སྤྱི་ཚོགས་རིང་ལུགས་སྲོག་ཤིང་དུ་བྱས་པའི་ཁྲའོ་ཀྲུང་གི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་ནི་ཁྲའོ་ཞན་གྱི་ཏང་དང་སྲིད་གཞུང་དང་དེ་བཞིན་མི་དམངས་ཀྱི་འགྱུར་མེད་ཀྱི་འདོད་འདུན་དང་ལངས་ཕྱོགས་རེད། བློ་མཐུན་ཅིན་ཀྲེང་ཨེན་དང་བློ་མཐུན་ཞི་ཅིན་ཕིང་གི་འཐབ་ཇུས་སྣེ་ཁྲིད་འོག་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་གཏུག་སྤེལ་རེས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཐུན་སྒྲིལ་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད། ཁྲའོ་ཀྲུང་གི་མཛའ་མཐུན་འབྲེལ་བ་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་འབྲེལ་རྒྱུན་མཐུད་འཕེལ་རྒྱས་ཀྱང་ཕྱིན་ཡོད།
ཆེད་བརྗོད་ནང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་ཡོད། ཆེད་བརྗོད་ནང་འཁོད་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་བཏིང་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པའི་བརྩོན་ལེན་བྱེད་བཞིན་ཡོད།
ཆེད་བརྗོད་ནང་འཁོད་དོན། ཀྲུང་གོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་དུ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་ཡིན་པ་དང་འབྲེལ། རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཐུབ་ངེས་ཡིན་པ་ཁྲའོ་ཞན་མི་དམངས་ཀྱིས་སྙིང་དབུས་ནས་སྨོན་འདུན་ཞུ་གི་ཡིན། ཁྲའོ་ཞན་གྱིས་མུ་མཐུད་ཀྲུང་གོ་དང་ལག་གདང་སྦྲེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་ཆེད་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་ཀྱི་ཡིན།
འབྲེལ་ཡོད་གསར་འགྱུར།