དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྲུང་གོས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད།

    ཐི་མོར་ཤར་མའི་ཙུང་ལི་གཞོན་པ་སཱ་པི་ནུའོ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-11

    “ཀྲུང་གོས་དབུལ་པོ་དབུལ་ནག་སེལ་བའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱས་ནས་མི་འབོར་དུང་ཕྱུར་ཁ་ཤས་དབུལ་པོའི་གནས་ལས་བསྒྲལ་ཡོད། འདི་ནི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཞིག་རེད། ཀྲུང་གོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད”ཅེས་ཉེ་ཆར་ཐི་མོར་ཤར་མའི་ཙུང་ལི་གཞོན་པ་མཱ་ལི་ཡ་ནུའོ·ཨ་ས་ན་སྨི·སཱ་པི་ནུའོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད།

    སཱ་པི་ནུའོ་དེ་སྔོན་ཀྲུང་གོར་འཚམས་འདྲིར་ཐེངས་མང་སླེབས་མྱོང་ཡོད། ཀྲུང་གོའི་ཁྱབ་ཁོངས་ཁག་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ལྟ་ཞིབ་གཏིང་ཟབ་བྱེད་མྱོང་ལ་མྱོང་ཚོར་ཏན་ཏིག་ཀྱང་བྱུང་ཡོད། “ཀྲུང་གོའི་དཔལ་འབྱོར་སྟོབས་ཤུགས་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འཛམ་གླིང་ཡོངས་ཀྱིས་ཚན་རྩལ་དང་། རྨང་གཞིའི་སྒྲིག་བཀོད། དེང་རབས་ཅན་འཛུགས་སྐྲུན་སོགས་ཀྱི་ཐད་ཀྲུང་གོར་ཡར་རྒྱས་ཆེན་པོ་བྱུང་བ་གསལ་པོར་མཐོང་གསལ་རེད། གྲུབ་འབྲས་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་གྱི་ཡོད་ལ་བརྩི་འཇོག་ཀྱང་ཐོབ་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་བ་ཙམ་མ་ཟད། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཉིན་རེ་བཞིན་མཐོ་རུ་ཕྱིན་པ་ལས་དེ་བས་ཀྱང་མཚོན་གྱི་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ནས་མངོན་གྱི་འདུག”ཅེས་སཱ་པི་ནུའོ་ཡིས་བརྗོད་པ་རེད།

    ཀྲུང་གོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བའི་ལག་ལེན་དང་ཕན་འབྲས་ཐད་སཱ་པི་ནུའོ་ལ་བག་ཆགས་ཟབ་མོ་བྱུང་ཡོད། “ཀྲུང་གོས་གྲོང་གསེབ་འཕེལ་རྒྱས་གཏོང་བ་ནི་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་ཙམ་མིན་པར། ད་དུང་བྱེད་ཐབས་ནུས་ལྡན་སྤྱད་ནས་གཞོན་ནུ་ཚོར་ལས་ཞུགས་ཀྱི་གོ་སྐབས་བཏོད་དེ། ས་གནས་དེ་གའི་མིའི་འཚོ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་ཁོང་ཚོར་བདེ་སྡོད་ལས་བརྩོན་ཡོང་བར་བྱེད་ཀྱི་ཡོད” ཁོང་གིས་ཀོང་ཤིས་ཀུའེ་ལིན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་མཐོང་ཐོས་དཔེར་དྲངས་ཏེ། ས་གནས་དེ་གའི་སྲིད་གཞུང་གིས་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ་དང་། ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད། ད་དུང་དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོའང་བཏང་ཡོད། ལག་ལེན་དེ་དག་ཚང་མ་ས་གནས་དེ་གའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཤ་སྟག་རེད་ཅེས་བརྗོད་པ་རེད།

    སཱ་པི་ནུའོ་ཡིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཞུགས་མ་ཐག་པའི་ཁོངས་ཞུགས་རྒྱལ་ཁབ་གསར་པ་ཞིག་ཡིན་པའི་ཐི་མོར་ཤར་མར་དབུལ་ཕོངས་ཀྱི་གནད་དོན་ཛ་དྲག་པོ་འཕྲད་ཡོད། ཐི་མོར་ཤར་མས་གྲོང་གསེབ་འཕེལ་རྒྱས་དང་། འབྲུ་རིགས་བདེ་འཇགས། ཞིང་ལས་དེང་རབས་ཅན། གཞོན་ནུའི་ལས་ཞུགས་སོགས་ཐད་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་པའི་རེ་བ་བྱེད་ཀྱི་ཡོད། “གལ་ཆེ་ཤོས་ནི་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་བའི་ཀྲུང་གོའི་བཅོས་སྐྱོང་བྱེད་སྟངས་སློབ་སྦྱོང་བྱ་རྒྱུ་དེ་ཡིན། དེའི་གྲས་སུ་ཡུན་རིང་འཆར་འགོད་དང་། ནུས་ཆེའི་ལག་ལེན་བསྟར་ནུས། མི་ཤུགས་ཐོན་ཁུངས་ལ་མ་འཇོག་ཤུགས་ཆེན། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པའི་འགན་ལེན་སོགས་ཚུད་ཡོད”ཅེས་སཱ་པི་ནུའོ་ཡིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།