དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་འཇོར་ཇི་ཡའི་ཙུང་ཐུང་ཁཱ་ཝེ་ལ་ཧྲི་ཝེ་ལིས་ཀྲུང་འཇོར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་34འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-11

    ཟླ་6ཚེས་9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇོར་ཇི་ཡའི་ཙུང་ཐུང་ཁཱ་ཝེ་ལ་ཧྲི་ཝེ་ལིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་34འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་ངོ་34ཡི་རིང་། ཀྲུང་འཇོར་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས། མཉམ་ལས་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།

    2023ལོར་ཀྲུང་འཇོར་རྒྱལ་ཁབ་གཉིས་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་རྗེས་ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་མགྱོགས་མྱུར་སྐུལ་འདེད་ཐེབས་པ། ཕྱོགས་མང་མཉམ་ལས་ལ་དེ་བས་ཕན་འབྲས་ཐོན་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་འཇོར་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད། གོ་སྐབས་འདི་དང་བསྟུན་ནས་ངས་ཙུང་ཐུང་ཁ་ཝེ་ལཱ་ཧྲི་ཝེ་ལི་དང་མཉམ་དུ་ཀྲུང་འཇོར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱེད་འདོད་ཡོད། འདིས་ཀྲུང་འཇོར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་མདུན་ལམ་གསར་པ་གཏོད་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་མཐུན་ལ་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ། ཕྱོགས་གཉིས་པོའི་གཉིས་ཁེ་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ། ཀྲུང་འཇོར་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་རྒྱུ་བཅས་ཡིན་པའི་ཡིད་ཆེས་ཡོད།

    ཁ་ཝེ་ལཱ་ཧྲི་ཝེ་ལི་ཡིས་གསུངས་དོན། འདས་ཟིན་པའི་ལོ་30ལྷག་ཙམ་ལ་ཕྱིར་དྲན་བྱེད་སྐབས། འཇོར་ཀྲུང་རྒྱལ་ཁབ་གཉིས་དབར་ཡུན་རིང་གི་མཛའ་གྲོགས་འབྲེལ་བ་བཙུགས་པ་དང་། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། དགེ་མཚན་ལྡན་པའི་མཉམ་ལས་བཅས་ཀྱི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་འབྲེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་34འཁོར་བའི་སྐབས་འདིར་ང་ཚོས་ཐུན་མོང་ཐོག་འཇོར་ཀྲུང་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་ཆུ་ཚད་དུ་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་ཡིན། འདིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་དང་རྒྱལ་ཁབ་གཉིས་པོར་ཁེ་ཕན་དེ་བས་ཆེ་བ་ཐོབ་རྒྱུ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་ཡང་སྔར་བས་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།