རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་ལས་སྟེགས་ཁེ་ལས་ཀྱི་ལས་མི་སྤྱོད་པའི་སྙན་ཞུའི་ལམ་ལུགས་བཙུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་མི་སྤྱི་ཐིང་སོགས་སྡེ་ཚན་དྲུག་གིས་མཉམ་དུ་ཡིག་ཆ་བཀྲམ་ནས། ལྗོངས་ཡོངས་ཀྱི་དྲ་སྦྲེལ་ལས་སྟེགས་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་སུ་ལས་མི་སྤྱོད་པའི་སྙན་ཞུའི་ལམ་ལུགས་དངོས་སུ་ལག་ལེན་བསྟར་བ་རེད། འདི་ནི་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་ཞུགས་གསར་པའི་ཚོགས་སྤྱིའི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཏོན་རྗེས། རྒྱལ་ཡོངས་སུ་ལམ་ལུགས་དེ་ཐོག་མར་དོན་འཁྱོལ་བྱེད་མཁན་གྱི་ཞིང་ཆེན་ཡིན་ལ། དེ་ཐོག་ནས་རང་ལྗོངས་སུ་དྲ་འབོད་གླ་འཁོར་དང་། མངག་སྐྱེལ་བ། མྱུར་སྐྱེལ་པ་སོགས་ཚོགས་སྤྱིའི་ཁེ་དབང་འགན་སྲུང་ལམ་ལུགས་ཅན་མངོན་འགྱུར་བྱུང་བ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལམ་ལུགས་དེའི་ནང་ཡོངས་ཁྱབ་ཀྱི་དགོངས་སྐོར་སྙན་སེང་གི་བྱེད་པོའི་ཁྱབ་ཁོངས་ཁ་གསལ་བཟོས་པ་དང་། ལྗོངས་ནང་ཁུལ་གྱི་དྲ་འབོད་གླ་འཁོར་དང་། མངག་སྐྱེལ་བ། གྲོང་ཁོངས་ཟོག་སྐྱེལ། མྱུར་སྐྱེལ་ཟོག་འགྲུལ་སོགས་ལས་སྒོར་ཞུགས་མཁན་དྲ་སྦྲེལ་ལས་སྟེགས་ཀྱི་ཁེ་ལས་དང་། དེ་བཞིན་དེའི་ཁོངས་གཏོགས་ཀྱི་གྲལ་ཞུགས་ཚོང་པ། འགན་གཙང་ཕྱི་སྤྲོད་ཞབས་ཞུའི་ཚོང་པ། ངལ་ནུས་མངགས་གཏོང་ཀུང་སི་སོགས་འབྲེལ་ཡོད་བྱེད་པོས་གཏན་འབེབས་གཞིར་བཟུང་རྒྱུན་གཏན་དུ་ལས་མི་སྤྱོད་པའི་ཆ་འཕྲིན་སྐྱེལ་དགོས། ཆ་འཕྲིན་སྐྱེལ་བའི་ནང་དོན་དེ་གླ་ཆ་ཞིབ་རྩིས་ཚད་གཞི་དང་། སྤྱི་ཚོགས་འགན་བཅོལ་འཇལ་སྤྲོད་གནས་ཚུལ། ལས་ཡུན་བཀོད་སྒྲིག ལས་སྟེགས་ནས་འཐེན་པའི་བསྡུར་ཚད་སོགས་འགག་རྩའི་ནང་དོན་11ཚུད་པའི་ངལ་རྩོལ་པའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་དམིགས་ཏེ། ཁེ་ལས་ཀྱི་ལས་མི་སྤྱོད་པའི་གནས་ཚུལ་དངོས་ཕྱོགས་ཡོངས་དང་། དོན་དངོས། གནད་སྨིན་བཅས་ཀྱི་སྒོ་ནས་མངོན་པར་བྱས་ཡོད།
ཁེ་ལས་ཀྱིས་བསྐྱལ་བའི་ལས་མི་སྤྱོད་པའི་གྲངས་གཞིར་བརྟེན་ནས། མི་སྤྱི་སྡེ་ཚན་གྱིས་རྒྱུན་རྣམ་ཅན་གྱི་ལས་མི་སྤྱོད་པའི་དབྱེ་ཞིབ་ལམ་སྲོལ་བཟོས་པ་དང་། ཁེ་ལས་སོ་སོ་དང་འཚམ་པའི《ལས་མི་སྤྱོད་པའི་གནད་དོན་བརྟག་དཔྱད་ཡི་གེ》སྤྲད་དེ། ཁེ་ལས་ཀྱིས་ལས་མི་སྤྱོད་ཚད་དང་མི་མཐུན་པའི་གནད་དོན་དང་མངོན་མེད་ཉེན་ཁ་གནད་སྨིན་ངང་བཏོན་ནས། ལས་མི་སྤྱོད་པའི་མངོན་མེད་རྐྱེན་ངན་དག་མཐོང་རྒྱུ་ཡོད་པ་དང་སྦྲགས། བརྟག་དཔྱད་ཡི་གེ་དེ་ཁེ་ལས་ཀྱི་ཐུན་མོང་གྲོས་མོལ་དང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཀྱི་དཔྱད་གཞི་གལ་ཆེན་དུ་བརྩི་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།