ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ།
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་8ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཕོང་དབྱང་མུའུ་ལན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་རེད།
མུའུ་ལན་ཁང་དུ་ཕེབས་པའི་ལམ་བར་དུ་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་དམངས་ཚོགས་ཀྱིས་ཞི་ཅིན་ཕིང་གི་རླངས་འཁོར་རུ་ཁག་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། མུའུ་ལན་ཁང་གི་གསོལ་སྟོན་ཚོམས་ཆེན་དུ་ཚོན་ཁྲ་ཅན་གྱི་ལྒང་བཞུ་བསྒར་བ་དང་མེ་ཏོག་སོས་པས་ཡོངས་སུ་བརྒྱན་ནས་དགའ་སྤྲོའི་རྣམ་པས་ཕྱུག
དགོང་མོའི་ཆུ་ཚོད་7པ་ཙམ་ལ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་མུའུ་ལན་ཁང་དུ་ཕེབས་འབྱོར་ཟིན་པ་དང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་སྟངས་དཔྱལ་གྱིས་བྱམས་བརྩེའི་ངང་ལྷན་དུ་སྐུ་པར་བསྐྱོན་པ་དང་ཁྲའོ་ཞན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རུ་སྟར་བསྒྲིགས་ནས་དགའ་བསུ་ཞུས་པ་རེད།
དེ་རྗེས་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཅིན་ཀྲེང་ཨེན་དང་ལི་ཞུའེ་ཀྲུའུ་ཡི་ཕེབས་རོགས་འོག་གསོལ་སྟོན་ཚོམས་ཆེན་དུ་ཕེབས་ཤིང་། ཚོགས་ར་ཡོངས་ཀྱི་མི་སྣ་ཡར་ལངས་ནས་དགའ་བསུ་ཞུས་པ་རེད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་ཤིས་ཚིག་གསུངས་པ་རེད།
ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོ་རི་ཆུ་འབྲེལ་བ་དང་ལས་དབང་གཅིག་མཐུན་ཡིན་ལ། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དེ་རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་ཆེན་པོའི་ཚོད་བགམ་འོག་གཅིག་རྒྱུན་གཅིག་འཛིན་ཐུབ་པ་དང་ལོ་རྒྱུས་ཡུན་རིང་ལྡན་ཡོད། ད་ལོ་ནི《ཀྲུང་ཁྲའོ་མཛའ་གྲོགས་མཉམ་ལས་རོགས་རེས་ཆིངས་ཡིག》བཞག་ནས་ལོ་65འཁོར་བའི་ལོ་ཡིན་པ་དང་ཀྲུང་ཁྲའོ་ཡི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ད་ཐེངས་འཚམས་འདྲིར་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་དང་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་སོང་། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་གི་འཐབ་ཇུས་མཐོ་ཚད་ནས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་དང་བསྟུན་པ། མཐོ་རིམ་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་འབྲེལ་གཏུག་གཏིང་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། དམངས་སེམས་གཅིག་མཐུན་ཟབ་ཏུ་གཏོང་བ། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་དེ་བས་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་པ་བཅས་བྱས་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ཟམ་མི་ཆད་པར་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པ་རྒྱལ་ཁའི་ངང་འཚོགས་ཏེ་ཁྲའོ་ཞན་གྱི་ཏང་དང་རྒྱལ་ཁབ་བྱ་གཞག་གི་འབྱུང་འགྱུར་འཕེལ་རྒྱས་ལ་འཐབ་ཇུས་འཆར་འགོད་དང་བཀོད་སྒྲིག་གལ་ཆེན་བྱས་ནས་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་སྐབས་གསར་པ་བཏོད་ཡོད། ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ་བཅས་ཡིན་པའི་ངོས་ནས། ཀྲུང་གོ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་གཙོས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁྲའོ་ཞན་མི་དམངས་ཀྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ནས། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་ཐུབ་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན།
ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་ཤིང་། ཁོང་གིས་དེ་རིང་ཕོང་དབྱང་གི་ས་ཕྱོགས་གང་སར་མཛའ་གྲོགས་ཟབ་པའི་བརྩེ་སེམས་ཀྱིས་ཁེངས་བཞིན་ཁྲའོ་ཞན་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་བརྩི་བཀུར་ཆེ་ཤོས་བྱེད་འོས་པའི་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ད་ལོའི་འཚམས་འདྲིར་ཕེབས་ཐེངས་དང་པོར་ཁྲའོ་ཞན་དུ་ཕེབས་པ་ལས་ཁྲའོ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བ་མཚོན་ཡོད་ཅེས་གསུངས།
ཅིན་ཀྲེང་ཨེན་གྱིས་ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟླ་9སོང་རྗེས་སླར་ཡང་ཞལ་འཛོམས་བྱུང་ཞིང་། དུས་བབ་གསར་པའི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ་དུས་རབས་ཀྱི་ནང་དོན་གསར་པ་ལྡན་པའི་ཁྲའོ་ཀྲུང་གི་འབྲེལ་བར་སྔར་བས་སྐུལ་འདེད་གཏོང་རྒྱུར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་མ་ཟད། ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་རྒྱ་ཁྱབ་བྱས་སྟབས། ལོ་རྒྱུས་ཀྱི་སྲོལ་རྒྱུན་ཟབ་མོ་ལྡན་པའི་ཁྲའོ་ཀྲུང་མཛའ་གྲོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ཆེད་ལེགས་སྐྱེས་འབུལ་ཐུབ་ངེས་རེད། ཁྲའོ་ཞན་མི་དམངས་ཀྱིས་སྤུན་ཟླ་ཀྲུང་གོའི་མི་དམངས་ལ་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་སྙིང་དབུས་ནས་དགའ་ཚོར་ཆེན་པོ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རླབས་ཆེན་ཀྲུང་གོ་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་ལམ་གསར་པ་བཅས་ཀྱི་ཁྲོད་གྲུབ་འབྲས་དེ་བས་ཆེ་བ་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས།
ཚའེ་ཆི་དང་ཝང་དབྱི་སོགས་གསོལ་སྟོན་ལ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།