དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་གཉེར་བའི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-10

    འདི་ནི་ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་ཁྲའོ་ཞན་མི་དམངས་དམག་དཔུང་དཔུང་སྡེ་གསུམ་པའི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པ།

    ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་8ཉིན་གྱི་ཉིན་དགུང་། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཕོང་དབྱང་ཅིན་རི་ཁྲེང་ཐང་ཆེན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད།

    ཅིན་རི་ཁྲེང་ཐང་ཆེན་གྱི་དབུས་སུ་ཀྲུང་གོ་དང་ཁྲའོ་ཞན་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པའི་སྐུ་པར་ཆེན་པོ་བཀལ་ཡོད་པ་དང་། གཞོགས་གཉིས་སུ་ཀྲུང་གོ་དང་ཁྲའོ་ཞན་གྱི་སྐད་ཡིག་གཉིས་ཀྱི་ཐོག་ནས་བྲིས་པའི“ཁྲའོ་ཀྲུང་མཛའ་གྲོགས་མི་ཉམས་ཡུན་གནས་ཡོང་བར་ཤོག”དང“སྲ་བརྟན་འགྱུར་མེད་ཀྱི་ཁྲའོ་ཀྲུང་མཛའ་གྲོགས་མཐུན་སྒྲིལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་སྦྱར་ཡིག་ཧ་ཅང་མངོན་གསལ་དོད་པོ་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་དགའ་བསུ་ཞུ་མཁན་མི་ཚོགས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ཕེབས་སྒུག་ཞུ་བཞིན་ཡོད་པ་རེད།

    ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཕེབས་ཊོར་བཞུགས་ནས་ཕེབས་འབྱོར་ཟིན་སྐབས་རྟ་དམག་རུ་ཁག་གིས་ཕེབས་བསུ་ཞུས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་དགའ་བསུ་ཞུ་བའི་རོལ་དབྱངས་དཀྲོལ་བ་རེད། ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡིས་ཐང་ཆེན་དུ་ཕེབས་བསུ་ཞུས་པ་རེད། ཞི་ཅིན་ཕིང་སྟངས་དཔྱལ་དང་ཅིན་ཀྲེང་ཨེན་སྟངས་དཔྱལ་གྱིས་ཁག་སོ་སོར་ཕྱོགས་གཉིས་པོའི་ཕེབས་རོགས་མི་སྣར་ཕྱག་བཏང་ནས་གུས་ལན་ཞུས་པ་རེད། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པ་ལྷན་དུ་གཟིགས་ཞིབ་སྟེགས་བུར་འཛེགས་གནང་བ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཅིན་ཀྲེང་ཨེན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་ཁྲའོ་ཞན་མི་དམངས་དམག་དཔུང་གི་དམག་དཔུང་རིགས་གསུམ་གྱི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། གཟབ་སྦྲེང་རུ་མིས་ཁྲའོ་ཞན་སྐད་ཀྱི་ཐོག་ནས“བློ་མཐུན་ཞི་ཅིན་ཕིང་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ”ཞེས་སྐད་གསང་མཐོན་པོས་འབོད་པ་རེད། དེ་རྗེས། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་ལྷན་དུ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ་རེད།

    ཕོང་དབྱང་གི་ལས་རིགས་ཁག་གི་མང་ཚོགས་དང་ལོ་ཆུང་བྱིས་པ་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ལག་ཏུ་དར་ཆ་དང་། མེ་ཏོག་སོས་པ། ལྒང་ཕུག་བཅས་ཁྱེར་ནས་ཀྲུང་ཁྲའོ་ཡི་མཛའ་མཐུན་འབོད་ཚིག་སྐད་གསང་མཐོན་པོས་སྒྲོག་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་སྤྲོའི་འབོད་སྒྲར་བརྟེན་ནས་འཚམས་འདྲིར་ཕེབས་པའི་ཀྲུང་གོའི་སྐུ་མགྲོན་ལ་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུ་ལུགས་མཚོན་པར་བྱས་པ་རེད། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་ས་གདན་དམར་པོའི་སྟེང་ནས་མདུན་ཕྱོགས་སུ་ཕེབས་བཞིན་མང་ཚོགས་དང་ལོ་ཆུང་བྱིས་པར་ཕྱག་གཡུག་གཡུག་གནང་ནས་གུས་ལན་མཚོན་པར་གནང་བ་རེད།

    དགའ་བསུའི་མཛད་སྒོ་མཇུག་འགྲིལ་སྐབས། ཐང་ཆེན་ཐོག་ཀྲུང་གོ་དང་ཁྲའོ་ཞན་གྱི་ཡི་གེའི་དགའ་བསུ་ཞུ་བའི་སྦྱར་ཡིག་བཀལ་བའི་ཚོན་མདོག་རྣམ་པར་བཀྲ་བའི་ལྒང་ཕུག་གློད་པ་རེད། དེ་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་ཕེབས་ཊོར་བཞུགས་ནས་ཅིན་ཤིའུ་ཧྲན་མགྲོན་བསུ་ཁང་དུ་ཕེབས་པ་དང་། ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་སྐུ་ངོ་མས་མགྲོན་བསུ་ཁང་བར་ཕེབས་སྐྱེལ་ཞུས་པ་རེད།

    གནམ་ཐང་ནས་ཅིན་རི་ཁྲེང་ཐང་ཆེན་བར་དང་ཅིན་རི་ཁྲེང་ཐང་ཆེན་ནས་ཅིན་ཤིའུ་ཧྲན་མགྲོན་བསུ་ཁང་བར་གྱི་ལམ་བར་དུ་ཁྲའོ་ཞན་དམངས་ཚོགས་ཀྱིས་རང་འགུལ་ངང་འགྲོ་ལམ་གྱི་གཡས་གཡོན་དུ་ལངས་ནས་ལག་པ་གཡུག་གཡུག་བྱེད་བཞིན་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།