དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཁྲའོ་ཞན་གྱི་ཆེད་དོན་རིག་རྩལ་འཁྲབ་སྟོན་གཟིགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-10

    ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་8ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་སྐུ་ཟླ་ལི་ཞུའེ་ཀྲུའུ་ཡི་ཕེབས་རོགས་འོག་ཕོང་དབྱང་ལུས་རྩལ་ཁང་དུ་ཁྲའོ་ཞན་ལས་རིགས་ཁག་གི་མང་ཚོགས་དང་མཉམ་དུ་ཆེད་དོན་རིག་རྩལ་འཁྲབ་སྟོན་གཟིགས་པ་རེད།

    ཆུ་ཚོད་21ཙམ་ལ། ཞི་ཅིན་ཕིང་སྟངས་དཔྱལ་དང་ཅིན་ཀྲེང་ཨེན་སྟངས་དཔྱལ་ལྷན་དུ་ལུས་རྩལ་ཁང་གི་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་པ་རེད། ཚོགས་ར་ཡོངས་ཀྱི་ལྟད་མོ་བ་དང་འཁྲབ་སྟོན་པ་དང་ལས་བཟོ་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡིས་དགའ་བསུ་དང་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད།

    འཁྲབ་སྟོན་སྤྲོ་སེམས་རབ་ཏུ་འཁོལ་ལ་བརྗིད་ཉམས་ལྡན་ཞིང་། ཀྲུང་ཁྲའོ་མི་དམངས་དབར་གྱི་མཛའ་བརྩེ་ཟབ་མོས་ཕྱུག་ཡོད། འཁྲབ་སྟོན་པ་ཚོས་གླུ་གཞས་དང་། ཞབས་བྲོ། རྩལ་རྩེད་སོགས་ཀྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་ལོ་བདུན་གྱི་རྗེས་སུ་སླར་ཡང་ཁྲའོ་ཞན་དུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། ཀྲུང་ཁྲའོ་ཡི་སྲོལ་རྒྱུན་གྱི་མཛའ་གྲོགས་མཉམ་ལས་སྲ་བརྟན་དང་འཕེལ་རྒྱས་གཏོང་རེ་བྱེད་པའི་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད། 《ང་དང་ངའི་མེས་རྒྱལ》དང《བ་སྤུ་མེ་ཏོག》《དར་དམར་ལྷབ་ལྷུབ་ཏུ་གཡོ》སོགས་རྣ་བར་སྙན་ཞིང་ཡིད་ལ་འཇགས་པའི་གླུ་གཞས་ལ་ཚོགས་ར་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། ཞི་ཅིན་ཕིང་དང་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་འཁྲབ་སྟོན་པ་ཚོའི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་དགའ་བསུ་ཡང་ཡང་ཞུས་ནས་གུས་ལན་སློག་གནང་བ་རེད།

    འཁྲབ་སྟོན་དེ《ཁྲའོ་ཀྲུང་དབར་གྱི་མཛའ་གྲོགས་བསྐལ་བརྒྱར་བརྟན》ཞེས་པའི་གླུ་སྒྲའི་ཁྲོད་མཇུག་འགྲིལ་བ་རེད། ཀྲུང་ཁྲའོ་ཕྱོགས་གཉིས་ཀྱི་འཐུས་མིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་སྟངས་དཔྱལ་གྱི་མཚན་ཐོག་ནས་འཁྲབ་སྟོན་པ་དང་ལས་བཟོ་ཚོར་གནང་བའི་མེ་ཏོག་སི་ར་བསྐྱལ་ཏེ་འཁྲབ་སྟོན་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

    ཚའེ་ཆི་དང་ཝང་དབྱི་སོགས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།